བལ་ཡུལ་ནང་འཇང་དགུན་ཆོས་ཆེན་མོ་ཐེངས་༡༤པ་དབུ་འཛུགས་གནང་།

བལ་ཡུལ་ནང་འཇང་དགུན་ཆོས་ཆེན་མོ་ཐེངས་༡༤པ་དབུ་འཛུགས་གནང་།

Your browser doesn’t support HTML5

བལ་ཡུལ་ནང་འཇང་དགུན་ཆོས་ཆེན་མོ་ཐེངས་༡༤པ་དབུ་འཛུགས་གནང་།

བལ་ཡུལ་དགེ་ལྡན་ལྷན་ཚོགས་དང་འཇང་དགུན་ཆོས་གོ་སྒྲིག་ཚོགས་པ་གཉིས་ཀྱིས་བཀོད་སྒྲིག་གིས་བལ་ཡུལ་འཇང་དགུན་ཆོས་ཆོས་ཐོག་ཆེན་མོ་དེ་བཞིན་ཟླ་འདིའི་ཕྱི་ཚེས་༡༣ ནས་བཟུང་ཉིན་གྲངས་༡༥་རིང་ཀོ་པན་འོག་མིན་ཆོས་གླིང་དགོན་དུ་འགོ་འཛུགས་གནང་འདུག་པ་དང་། དབུ་འབྱེད་མཛད་སྒོའི་ཚོགས་མགོན་དུ་བྱང་རྩེ་ཆོས་རྗེ་སྐྱབས་རྗེ་སྒོ་སོག་རིན་པོ་ཆེ་ཆེད་ཕེབས་གནང་འདུག་པ་མ་ཟད། བལ་ཡུལ་ནང་གི་ཚོགས་པ་སྐྱིད་སྡུག་ཁག་གི་འཐུས་མི་དང་སྐུ་ཚབ་རྣམ་པ། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་བསྟན་པའི་སྦྱིན་བདག་རྣམས། དགོན་སྡེ་ཁག་གི་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པ། དགེ་འདུན་བཅས་མི་གྲངས་བརྒྱ་ཕྲག་ཁ་ཤས་འདུ་འཛོམས་གནང་ཞིང་། བལ་ཡུལ་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་རྒྱལ་མཚན་བཟོད་པ་ལགས་ཀྱིས་གསུང་བཤད་གནང་བའི་ནང་འཇང་དགུན་ཆོས་ཆོས་ཐོག་ཆེན་མོ་དར་སྲོལ་གྱི་ལོ་རྒྱུས་དང་འབྲེལ་བལ་ཡུལ་ནང་འཇང་དགུན་ཆོས་ཆོས་ཐོག་ཆེན་མོ་བཙུག་ནས་ད་ལོར་ལོ་༡༤ སོང་ཡོད་པ་དང་། དམིགས་བསལ་དགུན་ཆོས་སྐབས་སུ་དགོན་པ་སོ་སོའི་དགེ་འདུན་པའི་ངོས་ནས་སྒྲིག་རང་འཁུར་བྱེད་དགོས་སྐོར་དང་། ད་ལོར་འཇང་དགུན་ཆོས་རི་བོ་དགེ་ལུགས་པ་གཅིག་པུ་མ་ཡིན་པར་བཀའ་བརྒྱུད་དང་སྤོ་རོང་དཔལ་མོ་ཆོས་ལྡིང་སོགས་ནས་ཀྱང་ཕེབས་ཡོད་པ་སོགས་གསུངས་སོང་།

བལ་ཡུལ་ནང་པ་ཚོགས་པའི་ཚོགས་གཙོ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་སྦྱིར་དགོན་སྡེ་གྲ་ཚང་སོ་སོའི་ངོས་ནས་ཉིན་རེར་དུས་ཚོད་འཕྲོ་བརླག་ཏུ་མ་བཏང་བར་གཞུང་ཆེན་ལ་བསླབ་པ་སློབ་གཉེར་གནང་མཁན་ལ་ཐོས་བསམ་སློབ་གཉེར་གྱི་གོ་སྐབས་ཡག་པོ་སྤྲོད་དགོས་བ་དང་དམིགས་བསལ་འཇང་དགུན་ཆོས་ཚོགས་པའི་སྐབས་སུ་སློབ་གཉེར་བའི་དབར་གཞུང་ཚད་མ་རྣམ་འབྲེལ་གྱི་གོ་དོན་ལེགས་པ་བླངས་ཏེ་ཐོས་བསམ་དོན་དང་ལྡན་པ་ཞིག་ཡོང་བར་འབད་བརྩོན་གནང་གལ་ཆེ་བ་ཡིན་པ་སོགས་གསུངས་སོང་།

དེ་ནས་༧སྐྱབས་རྗེ་བྱང་རྩེ་ཆོས་རྗེ་སྒོ་སོག་རིན་པོ་ཆེས་བཀའ་སློབ་གནང་དོན། སྦྱིར་གདན་ས་གྲ་ཚང་ཁག་དང་ཆོས་རྒྱུད་རིས་མེད་ཀྱི་དགོན་སྡེ་ཁག་ཏུ་སློབ་གཉེར་གནང་མཁན་ཧི་མ་ལའི་རི་རྒྱུད་དང་བལ་ཡུལ་ཡུལ་མི་ཧ་ཅང་མང་པོ་ཡོད་པ་དེ་དག་གི་རྒྱུ་མཚན་ལ་བརྟེན་ནས་ནང་བའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལ་བོད་ཡིག་ཁོ་ན་ལ་སྦྱང་བ་བྱས་ཙམ་མ་ཡིན་པར་བལ་ཡུལ་གྱི་སྐད་ཡིག་ལ་སློབ་སྦྱོང་བྱེད་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་བཞིན་ཡུལ་ཁྲིམས་དང་མཐུན་པའི་ཐོག་ནས་བསླབ་པ་མཐར་སོན་པ་བྱེད་དགོས་པ་དང་། དགོན་སྡེ་ཁག་སོ་སོའི་སློབ་གཉེར་བ་ཚོའི་ངོས་ནས་ལོ་གཅིག་གི་རིང་ལ་སློབ་སྦྱོང་བྱས་པ་དེ་འཇང་དགུན་ཆོས་ཁོ་ན་ལ་བེད་སྤྱོད་གཏོང་བ་ཙམ་མ་ཡིན་པར་རང་ཉིད་ནང་པ་ཞིག་ཡིན་པའི་ངོས་ནས་སྟོན་པའི་བསྟན་པའི་རྗེས་སུ་ཞུགས་པ་དེ་ཡང་མཐར་ཐུག་ན་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་ཕྱིར་དུ་ཡིན་པ་དེ་ངེས་བར་དུ་ཤེས་དགོས་བ་གལ་ཆེན་པོ་ཡིན། འདིར་ཆོས་ཐོག་བཀོད་སྒྲིག་པ་དང་། དགོན་སྡེ་ཁག་གི་དགེ་ལས་རྣམ་པ། སློབ་གཉེར་བ་རྣམ་པར་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཅེས་སོགས་གསུངས་སོང་།

བལ་ཡུལ་ནས་གསར་འགོད་པ་ཀུན་བཟང་བསྟན་འཛིན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།