དབྱིན་ཡུལ་གྱི་བཙོན་ཁང་རྣམས་བཙོན་པ་མང་དྲག་པ་དེ་སྲིད་བློན་གསར་པར་གདོང་ལེན་བྱེད་དགོས་པའི་དཀའ་ངལ།

ཝན་ཌི་ཝོར་ཐི་བཙོན་ཁང་།

Your browser doesn’t support HTML5

དབྱིན་ཡུལ་གྱི་བཙོན་ཁང་རྣམས་བཙོན་པ་མང་དྲག་པ་དེ་སྲིད་བློན་གསར་པར་གདོང་ལེན་བྱེད་དགོས་པའི་དཀའ་ངལ།

༄༅། །དབྱིན་ཡུལ་ནང་བཙོན་ཁང་རྣམས་བཙོན་པས་ཁེངས་ཡོད་པ་དེ་སྲིད་བློན་གསར་པ་ཀེར་ སི་ཌར་མེར་སྲིད་གཞུང་ལ་གདོང་ལེན་བྱེད་དགོས་པའི་གནད་དོན་གསར་ཤོས་དེ་ཆགས་འདུག་པ་དང་། བདུན་ཕྲག་འགའ་ཤས་ཀྱི་་རྗེས་བཙོན་པ་གསར་པ་བཙོན་འཇུག་བྱེད་ས་མེད་པར་འགྱུར་ཉེན་ཡོད་པར་བརྟེན་དཀའ་ངལ་དེ་སེལ་ཐབས་ལ་འགྲོ་གྲོན་ཆེ་ཙམ་མ་གཏང་ཀ་མེད་ཆགས་ཡོད་པ་རེད།

འཛམ་གླིང་བཙོན་ཁང་གི་གྲངས་ཐོར་གཞིགས་ན་ནུབ་ཡུ་རོབ་ནང་དབྱིན་ཡུལ་ནི་བཙོན་པ་མང་ཤོས་དེ་ཡིན་པ་དང་། དབྱིན་ཡུལ་གྱི་་ཉེས་ཁྲིམས་བཙན་དུ་བཏང་བར་བརྟེན་ཉེས་ཅན་པར་བཙོན་འཇུག་གི་ཁྲིམས་གཅད་མང་དུ་སོང་བ་དང་ཆབས་ཅིག་བཙོན་ཁང་གསར་རྒྱག་བྱེད་ཐུབ་ཀྱི་མེད་ཅེས་གསལ་འདོན་བྱས་འདུག དབྱིན་ཡུལ་གྱི་བཙོན་ཁང་མང་པོའི་ནང་བཙོན་པ་གཅིག་བསྡོད་སར་བཙོན་པ་གཉིས་བསྡོད་ས་བཟོས་ཡོད་པ་དང་། དབྱིན་ཡུལ་ནང་རྙིང་ཞེན་སྲིད་དོན་ཚོགས་པས་སྲིད་དབང་བཟུང་སྐབས་ཛ་དྲག་གི་ཐབས་ལམ་ཞིག་བཟོས་ནས་ཉེས་ཅན་པ་འགའ་ཤས་བཙོན་འཇུག་གི་དུས་བཀག་མ་རྫོགས་གོང་གློད་དཀྲོལ་བཏང་ཡོད་པ་དང་། གསར་དུ་ཡོང་མཁན་རྣམས་འགོག་ཆེད་ཁྲིམས་ཁང་གི་གཏུག་བཤེར་ཕྱིར་འགྱངས་བྱས་ཡོད་པ་རེད།

དབྱིན་ཇིའི་བཙོན་ཁང་དོ་དམ་པའི་སྐུ་ཚབ་ཚོགས་པའི་འགོ་ཁྲིད་ཚོས་བཙོན་པའི་གནད་དོན་ཐག་གཅོད་བྱེད་རྒྱུའི་ཐབས་ལམ་ཞིག་གང་མགྱོགས་འཚོལ་མ་ཐུབ་ཡིན་ན། ཉེས་ཅན་པ་རྣམས་ཉེན་རྟོག་ལས་ཁུངས་སུ་ཉར་དགོས་ཆགས་རྒྱུ་་ཡིན་པ་དང་། དེས་ཉེན་རྟོག་པ་ཚོའི་ནུས་པར་ཚད་བཀག་བཟོས་ཏེ། ཁྲིམས་ཀྱི་ལམ་ལུགས་ཧྲིལ་པོར་དཀའ་ངལ་བཟོ་རྒྱུ་རེད་ཅེས་བཤད་འདག དབྱིན་ཇིའི་གཞུང་འཛིན་ངལ་རྩོལ་ཚོགས་པའི་སྲིད་བློན་སི་ཌི་མེར་གྱིས་དབྱིན་ཡུལ་གྱི་བཙོན་ཁང་ཁག་གི་གནས་སྟངས་ལ་སྲིད་གཞུང་གོང་མས་ལྷོད་གཡེང་་བཏང་ནས་ཧ་ཅང་ཉམས་རྒུད་ཆེན་པོ་བཏང་ཡོད་པའི་འགྲེལ་བརྗོད་བྱས་འདུག སྲིད་བློན་སི་ཌི་མེར་ལ་ད་དུང་དཀའ་ཚེགས་གཞན་ཡོད་པ་ནི། དཔེར་ན་ཐུང་ཆུ་འབག་བཙོག་སོགས་དཀའ་ངལ་གཞན་མང་པོར་གདོང་ལེན་བྱེད་དགོས་ཡོད་རེད་ཅེས་གསུངས་འདུག

སྲིད་བློན་སི་ཌི་མེར་གྱིས་ད་དུང་སྲིད་གཞུང་གི་འགྲོ་གྲོན་གཏོང་རྒྱུ་ཐད་བསམ་བློ་གཏོང་སྟངས་ལ་འགྱུར་བ་གཏོང་དགོས་མེད་ཅེས་གསུངས་ཡོད་འདུག དཔྱད་ཞིབ་པ་ཁག་གིས་མ་འོངས་པར་བཙོན་ཁང་གི་འགྲོ་གྲོན་ལོ་ཟླའི་ནང་དགོས་ངེས་དང་བསྡུར་བ་ཡིན་ན་ལོ་རེར་བརྒྱ་ཆ་ལྔ་དང་གྲངས་ཆུང་དགུ་ཙམ་ཉུང་དུ་་གཏོང་དགོས་འགྱུར་རྒྱུར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

ཡང་དབྱིན་ཇིའི་བཙོན་ཁང་དོ་དམ་མཐུན་ཚོགས་ཀྱི་ཚོགས་གཙོན་ཀྲོམ་ ཝེཏ་ལིས་རུའུ་ཀྲེར་གསར་སྤེལ་ལས་ཁང་ལ་བརྗོད་དོན། དབྱིན་ཇིའི་སྲིད་གཞུང་གསར་པས་དུས་ཚོད་འཕྲོ་བརླག་གཏོང་རྒྱུ་མེད་པ་དང་། ཁོང་ཚོས་གང་མགྱོགས་བྱེད་དགོས་པ་དེ་ཡང་ལག་པ་འཆང་བ་འགོ་འཛུགས་བྱེད་དགོས་པ་ཡིན་ཞེས་འགྲེལ་བརྗོད་བྱས་འདུག བཙོན་ཁང་ནང་བཙོན་པ་གོ་ཡུལ་མེད་པའི་གནས་སྟངས་འདིར་བཙོན་པ་གསར་པ་བཙོན་འཇུག་ཐུབ་ཐབས་མེད་པའི་ཚད་ལ་སླེབས་ཉེར་ཡོད་ཅེས་གསུངས་འདུག

བཙོན་ཁང་ནང་འཚང་ཁའི་འོག་བཙོན་པ་མང་དྲགས་དེ་་ཉུང་དུ་གཏོང་བའི གདམ་ཁའི་ཁོངས་སུ་གློག་གི་ལྟ་རྟོག་ཡོ་ཆས་བཀོལ་ནས་ཉེས་ཅན་པ་མང་པོ་གློད་དཀྲོལ་གཏོང་བ། ཡང་ན། དུས་བཀག་ངེས་ཅན་ཞིག་གི་ནང་ཚུད་དུ་ནག་ཉེས་གཞན་ཞིག་བསགས་ན་བཙོན་འཇུག་གི་ཁྲིམས་ཆད་ཕྱིས་འགྱངས་བྱེད་པ་བཅས་ཆགས་ཀྱི་ཡོད།

བདུན་ཕྲག་སྔོན་མ་དབྱིན་ཡུལ་ནང་རྒྱལ་ཡོངས་འོས་བསྡུ་ཆེན་མོ་བྱས་པའི་ནང་ངལ་རྩོལ་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་པའི་རྗེས་ངལ་རྩོལ་ཚོགས་པའི་སྲིད་བློན་སི་ཌར་མེར་གྱིས་གསར་འགོད་ལྷན་ཚོགས་ཐོག་གཏམ་བཤད་གནང་སྐབས་ཀྱང་བཙོན་ཁང་ཁག་གི་ནང་བཙོན་མ་མང་དྲགས་པའི་དཀའ་ངལ་དེ་འཕྲལ་དུ་སེལ་ཐུབ་རྒྱུ་མེད་པ་ཞིག་རེད། དེར་བརྟེན་བཙོན་པ་དུས་བཀག་གི་སྔོན་ལ་གློད་དཀྲོལ་གཏོང་རྒྱུ་ང་ཚོས་འགོག་ཐུབ་ཡག་མེད་པ་ཞིག་རེད་ཅེས་གསུངས་ཡོད་པ་རེད།

རུའི་ཀྲར་གསར་སྤེལ་ལས་ཁང་ནས་བཏུས།

གསར་འགོད་པ། རྒྱལ་མཚན་ཚེ་རིང་།

ཡུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།