ཨུ་རུ་སུའི་དམག་ཁོངས་སུ་ཞུགས་པའི་བལ་པོ་དྲུག་གི་ཚེ་སྲོག་ཤོར། 

༄༅།། ཨུ་རུ་སུའི་དམག་ཁོངས་སུ་ཞུགས་པའི་བལ་པོ་༦་ཡུག་ཀེ་རེན་གྱི་དམག་སར་འཐབ་འཁྲུག་ནང་དུ་བསད་འདུག་ཅིང་། བལ་ཡུལ་གཞུང་གིས་ཨུ་རུ་སུར་བལ་པོ་དམག་ཁོངས་སུ་བསྡུ་རྒྱུ་མཚམས་འཇོག་བྱ་དགོས་ཞེས་ནན་བརྗོད་བྱས་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༢་པའི་ཚེས་༥་ཉིན་ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། སྲིད་བློན་པུ་ཤ་པ་ཀ་མལ་དྷལ་(Pushap Kamal Dahal)་དང་ཕྱི་སྲིད་བློན་བློན་ཆེན་སོགས་ཀྱིས་བལ་པོ་མང་པོ་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ཀྱི་འདུག ཡུག་ཀེ་རེན་གྱི་དམག་ཁོངས་སུའང་བལ་པོ་ཁག་ཅིག་འདུག་ཀྱང་གྲངས་ཀ་གསལ་པོ་ཞིག་ཤེས་ཐབས་བྲལ། བལ་ཡུལ་གཞུང་གིས་རང་གི་སྤྱི་དམངས་རྣམས་དབྱིན་ཇི་དང་རྒྱ་གར་གྱི་དམག་ཁོངས་སུ་མ་གཏོགས་རྒྱལ་ཁབ་གཞན་གྱི་དམག་ཁོངས་སུ་ཞུགས་མི་ཆོག་ཅེས་འགོག་གི་ཡོད། འཚོ་བའི་དཀའ་ངལ་སོགས་ཀྱིས་བལ་པོའི་ན་གཞོན་ཚོས་སྒེར་ངོས་ནས་རྒྱལ་ཁབ་གཞན་ལ་གན་རྒྱ་བཞག་སྟེ་དམག་ཁོངས་སུ་ཞུགས་པའམ། ཡང་ན་བདེ་འཇགས་སྲུང་སྐྱོབ་ཀྱི་སྲི་ཞུ་བསྒྲུབ་ཏུ་བསྐྱོད་ཀྱི་འདུག་ཅེས་བསྟན།།

ཡུག་ཀེ་རེན་གྱི་དམག་སར་བསད་པའི་བལ་པོ་དེ་རྣམས་གོར་ཁ་རྫོང་གི་སན་དིབ་ཐ་པ་ལི་ཡ་དང་སེར་སྐྱ་རྫོང་གི་རུ་པག་ཀར་ཁི། ཀ་ས་ཀི་རྫོང་གི་དཱེ་ཝན་ར་ཡེ། སང་ཡ་ཇཱ་རྫོང་གི་པི་ཏམ་ཀར་ཁི། དྷོ་ལ་ཁ་རྫོང་གི་ར་ཇ་ཀུ་མར་རོ་ཁཱ། ཨི་ལམ་རྫོང་གི་གངྒ་ར་ཇ་མོག་ཏན་བཅས་ཡིན་ཞིང་། ཨུ་རུ་སུར་བཅའ་སྡོད་བལ་ཡུལ་གྱི་གཞུང་ཚབ་པ་མཱི་ལན་ར་ཇ་ཏུ་ལ་དྷར་(Milan Raj Tuladhar)་གྱིས་ཨུ་རུ་སུའི་དམག་ཁོངས་སུ་བལ་པོ་༡༥༠་ནས་༢༠༠་ཡས་མས་ཤིག་ཡོད་ས་རེད། ང་ཚོར་འབྲེལ་བ་བྱེད་མཁན་ཐམས་ཅད་ལ་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ན་ཉེན་ཁ་ཆེན་པོ་ཡིན་པའི་འགྲེལ་བཤད་བརྒྱབ་ནས་བལ་ཡུལ་དུ་ཕྱིར་སློག་བྱེད་ཀྱི་ཡོད། ང་ཚོས་ཉུང་མཐའ་ཡང་ཉི་མ་རེར་བལ་པོ་རེ་རང་ཡུལ་དུ་ཕྱིར་སློག་བྱ་དགོས་ཀྱི་འདུག ཁོ་ཚོ་ཚང་མ་ཨུ་རུ་སུའི་དམག་ཁོངས་སུ་བསྡུས་ནས་ཁྲིད་ཡོང་བ་རེད། མི་ཁག་ཅིག་ལ་བལ་པོའི་ཕྱིར་སྐྱོད་ལག་འཁྱེར་ཡང་མི་འདུག ཁོ་ཚོར་བལ་ཡུལ་གྱི་གཞུང་ཚབ་ཁང་གིས་འགྲིམ་འགྲུལ་གྱི་ལམ་ཡིག་སྤྲད་ནས་རང་ཡུལ་དུ་ཕྱིར་སློག་བྱེད་ཀྱི་ཡོད་ཅེས་བཤད་འདུག

བལ་ཡུལ་གྱི་གཞུང་ཚབ་པས་ཕོ་གསར་ཚོ་གླ་ཕོགས་ཆེན་པོ་ཞིག་རག་རྒྱུའི་ཧེབ་ལངས་ནས་ཡོང་གི་ཡོད་པ་འདྲ། ཁོ་ཚོས་མི་ཚོང་རྒྱག་མཁན་བར་པ་དེ་ཚོར་བལ་སྒོར་ས་ཡ་༡་ཡས་མས་རེ་སྤྲད་ནས་ཨུ་རུ་སུའི་དམག་ཁོངས་སུ་ཚུད་ཐབས་བྱེད་ཀྱི་འདུག་ཅེས་གསར་འགོད་པའི་དྲི་བར་ལན་བཏབ། ད་ལོའི་ཕྱི་ཟླ་༨་པའི་ཚེས་༡་ཉིན་བལ་ཡུལ་གྱི་ཕྱི་སྲིད་ལྷན་ཁང་གིས་བལ་པོའི་སྤྱི་དམངས་རྣམས་དམག་འཁྲུག་ལངས་ཡོད་པའི་རྒྱལ་ཁབ་ཁག་གི་དམག་ཁོངས་སུ་མ་ཞུགས། བལ་པོ་ཁག་ཅིག་གིས་སྤྱི་ཚོགས་དྲྭ་ལམ་བརྒྱུད་ནས་རྒྱལ་ཁབ་གཞན་གྱི་དམག་ཁོངས་སུ་ཞུགས་རྒྱུའི་གན་རྒྱ་འཇོག་གི་འདུག བལ་ཡུལ་གཞུང་དང་མཛའ་འབྲེལ་རྒྱལ་ཁབ་འགས་གྲོས་མཐུན་བཞག་ནས་བལ་པོ་ཚོ་རྒྱལ་ཁབ་དེ་དག་གི་དམག་ཁོངས་སུ་ཞུགས་ཆོག་པའི་ལམ་སྲོལ་ཞིག་ཆགས་ཡོད། བལ་ཡུལ་གཞུང་གི་སྲིད་ཇུས་ནི་གྲོས་མཐུན་བཞག་མེད་པའི་རྒྱལ་ཁབ་ཁག་གི་དམག་ཁོངས་སུ་བལ་པོ་རྣམས་ཞུགས་མི་ཆོག་ཅེས་གཞེན་སྐུལ་གྱི་གསལ་བསྒྲགས་སྤེལ།།

བལ་ཡུལ་གྱི་ཕྱི་སྲིད་ལྷན་ཁང་གི་ལས་སྣེ་ཞིག་གིས་ཡུག་ཀེ་རེན་གྱི་དམག་སར་བསད་པའི་བལ་པོ་རུ་པག་ཀར་ཁི་དང་ཐ་པ་ལི་ཡ་གཉིས་ལ་ཨུ་རུ་སུའི་གཞུང་གིས་ཆེ་བསྟོད་བྱས་ནས་ཕུང་པོ་དུར་དུ་སྦས་འདུག ཁོ་གཉིས་ལོ་འདིའི་ཕྱི་ཟླ་༧་པའི་ཟླ་དཀྱིལ་དུ་བསད་པར་སྣང་། ད་ལྟ་ང་ཚོས་འདས་པོ་དེ་དག་གི་བཟའ་མི་ཚོར་འབྲེལ་བ་བྱས་ནས་ཕུང་པོ་འཁྱེར་ཡོང་དགོས་མིན་འདྲི་ཡི་ཡོད། གལ་སྲིད་བཟའ་མི་ཚོས་འདས་པོ་དེ་དག་གི་ཕུང་པོ་རང་ཡུལ་དུ་འཁྱེར་ཡོང་དགོས་ཟེར་ན་ང་ཚོས་དུར་ས་བསྔོགས་ནས་ཕུང་པོ་ལེན་དགོས། བལ་ཡུལ་གཞུང་གིས་ཨུ་རུ་སུའི་གཞུང་ལ་ཡུག་ཀེ་རེན་གྱི་དམག་ས་ཁག་ཏུ་བསད་པའི་བལ་པོ་ཚོའི་ཕུང་པོ་གཅིག་ཀྱང་མ་ལུས་པར་རྩིས་སྤྲོད་བྱ་དགོས། ཨུ་རུ་སུའི་དམག་ཁོངས་སུ་ཤི་བའི་བལ་པོ་དེ་དག་གི་བཟའ་མི་ཚོར་དངུལ་སྒོར་གྱོང་གསབ་སྤྲོད་དགོས་པའི་འབོད་སྐུལ་ཞུས་ཡོད་ཟེར། འགྲོ་བ་མི་ནག་ཚོང་རྒྱག་མཁན་ཚོས་རྒྱུས་སྟོན་བྱས་ནས་བལ་པོའི་ཕོ་གསར་ཚོ་སློབ་ཕྲུག་དང་ཡུལ་སྐོར་སྤྲོ་འཆམ་པའི་ཐོངས་མཆན་ཐོག་ཏུ་ཨུ་རུ་སུར་ལྷགས། དེ་ནས་ཁོ་ཚོ་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཉེ་ཆར་ཕྱི་ཟླ་༥་པའི་ནང་སྲིད་འཛིན་ཕུ་ཊིན་ནས་ཕྱི་རྒྱལ་གྱི་སྤྱི་དམངས་རྣམས་ཨུ་རུ་སུའི་དམག་ཁོངས་སུ་བསྡུ་ཆོག ཨུ་རུ་སུའི་དམག་ཁོངས་སུ་ཞུགས་པའི་ཕྱི་རྒྱལ་བ་ཚོ་མྱུར་དུ་ཨུ་རུ་སུའི་སྤྱི་དམངས་སུ་འགྱུར་ཆོག་པའི་ཐོབ་ཐང་སྤྲོད་རྒྱུ་ཡིན་ཞེས་ཁས་བླངས། བལ་ཡུལ་གྱི་གཞུང་ཚབ་ཁང་གིས་ཕུ་ཊིན་གྱི་གསལ་བསྒྲགས་རྗེས་སུ་བལ་པོ་ཚོ་ཨུ་རུ་སུར་གནས་སྤོར་བྱ་རྒྱུ་མང་དུ་ཕྱིན་སོང་། ཐ་ན་ཨུ་རུ་སུར་གཏན་སྡོད་བྱེད་བཞིན་པའི་བལ་པོ་ཚོས་ཀྱང་བལ་ཡུལ་ནས་ཕོ་གསར་ཚོ་ཨུ་རུ་སུའི་དམག་ཁོངས་སུ་བསྡུ་བའི་ནག་ཚོང་རྒྱག་གི་འདུག བལ་ཡུལ་གྱི་གཞུང་ཚབ་ཁང་གིས་ཨུ་རུ་སུའི་གཞུང་ལ་བལ་པོ་ཚོར་ཐོངས་མཆན་སྤྲོད་རྒྱུ་དམ་དུ་གཏོང་དགོས་ཞེས་ནན་སྐུལ་བྱས་པ་ཡིན། ཡུག་ཀེ་རེན་གྱི་དམག་སར་བསད་པའི་ཀར་ཁི་དང་ཐ་པ་ལི་ཡ་གཉིས་ཀྱི་ཕུང་པོ་དུར་དུ་སྦས་ཟིན་ཡོད་ཀྱང་བལ་པོ་གཞན་པ་བཞིའི་ཕུང་པོ་རྣམས་པུར་ཁང་དུ་བཞག་འདུག ང་ཚོས་ཕུང་པོ་དེ་ཚོ་བལ་ཡུལ་ལེན་ཐུབ་པ་ཞིག་ཡིན་མིན་བརྟག་དཔྱད་བྱེད་ཀྱི་ཡོད་ཅེས་བཤད་པའི་གནས་ཚུལ་ཐོན་འདུག

ཨུ་རུ་སུའི་གཞུང་གིས་བལ་པོ་དམག་ཁོངས་སུ་བསྡུ་ཡི་ཡོད་པ་ཁོ་ན་མིན་པར་ཨར་མཱི་ཎི་ཡ་དང་ཁ་ཛག་གི་སི་ཐན། ཀུ་པ་བཅས་ཀྱི་སྤྱི་དམངས་རྣམས་ཀྱང་ཨུ་རུ་སུའི་དམག་ཁོངས་སུ་བསྡུས། ཕྱི་ཟླ་༩་པའི་ཚེས་༨་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཀུ་པའི་གཞུང་གིས་མི་༡༧་འཛིན་བཟུང་བྱས་པར་མ་ཟད། ཁོ་ཚོར་ཀུ་པའི་སྤྱི་དམངས་རྣམས་ཨུ་རུ་སུའི་དམག་ཁོངས་སུ་བསྡུ་ཐབས་བྱས་པའི་ནག་ཉེས་བཙུགས། ཀུ་པའི་ཕྱི་སྲིད་ལྷན་ཁང་གིས་ཨུ་རུ་སུའི་ཚོགས་པ་ཞིག་གིས་རྒྱལ་ཁབ་དེར་གནས་འཁོད་ཀུ་པ་བ་དང་ཀུ་པའི་སྤྱི་དམངས་རྣམས་ཨུ་རུ་སུའི་དམག་ཁོངས་སུ་བསྡུ་ཐབས་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད། ང་ཚོས་འགྲོ་བ་མི་ནག་ཚོང་རྒྱག་མཁན་ཚོགས་པ་དེ་རྩ་མེད་གཏོང་རྒྱུ་ཡིན། ཨུ་རུ་སུ་དང་ཡུག་ཀེ་རེན་གྱི་དམག་འཁྲུག་ལ་ཀུ་པ་མཉམ་ཞུགས་བྱེད་དགོས་དོན་མེད་ཅེས་བཀྲལ། ཀུ་པ་དང་ཨུ་རུ་སུ་གཉིས་འབྲེལ་བ་བཟང་པོ་ཡོད་པས་ཀུ་པ་བ་ཚོས་ཐོངས་མཆན་ཞུ་མི་དགོས་པར་ཨུ་རུ་སུར་བསྐྱོད་ཐུབ། ཀུ་པ་བ་ཁག་ཅིག་གིས་ང་ཚོ་ཨུ་རུ་སུར་དམག་རོགས་སུ་ཡོང་བ་ཡིན་ཞེས་བཤད་པའི་གནས་ཚུལ་ཐོན་འདུག

ཀུ་པའི་སྤྱི་ཁྱབ་ཁྲིམས་འཛིན་པ་ཧོ་སེ་ལུ་ཝི་སི་རེ་ཡེ་སིས་(Jose Luis Reyes)་ཨུ་རུ་སུར་དམག་མི་བསྡུ་ཐབས་བྱེད་མཁན་ཉེས་ཅན་ཚོ་རྩད་གཅོད་བྱེད་ཀྱི་ཡོད། གླས་དམག་བསྡུ་མཁན་ཚོར་ལོ་༣༠་ཡས་མས་རེའི་བཙོན་འཇུག་གི་ཁྲིམས་ཐག་གཅོད་རྒྱུ་ཡིན་ཞེས་རྒྱལ་ཡོངས་བརྙན་འཕྲིན་ཐོག་ཏུ་བསྒྲགས། ལོ་ན་༦༠་ལ་སོན་པའི་མར་ལིན་ཝི་ནེན་ཊའི་བུ་རྒན་པ་ལོ་༢༧་ལ་སོན་པའི་ཌེ་ཎི་སི་ཁ་སི་ཊི་ལོ་ཨུ་རུ་སུའི་དམག་ཁོངས་སུ་ཞུགས། ཁོ་པ་ཨུ་རུ་སུར་འཛུགས་སྐྲུན་གྱི་ངལ་རྩོལ་རྒྱུག་ཏུ་ཕྱིན་ཀྱང་མགོ་སྐོར་ཐེབས་ནས་དམག་ཁོངས་སུ་བཅུག ཨ་མ་ཝི་ནེན་ཊས་ངའི་བུ་འཚོ་གནས་ཡིན་མིན་ཡང་ཤེས་ཀྱི་མི་འདུག ངས་བུ་ལ་སྐད་ཆ་ཞིག་བཤད་ཐུབ་ན་བསམས་ཀྱང་ཁག་པོ་རེད། བུས་ང་ལ་བཟའ་མི་ཚོར་དཔལ་འབྱོར་རོགས་རམ་བྱེད་ཐུབ་པའི་ཆེད་དུ་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་པ་ཡིན་ཟེར་གྱི་འདུག་ཅེས་གསར་འགོད་པར་སྡུག་སྐད་བརྒྱབ། ཀུ་པའི་དཔལ་འབྱོར་ཉམས་ཏེ་མི་དམངས་ལ་ཉེར་མཁོའི་འཚོ་བའི་མཐུན་རྐྱེན་ཡང་མེད་པས་ཕོ་གསར་ཚོ་ཨུ་རུ་སུའི་དམག་ཁོངས་སུ་མ་ཞུགས་ཐབས་མེད་དུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༡༢་པའི་ཚེས་༡་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུག་ཀེ་རེན་གྱི་དམག་འཁྲུག་ལངས་ནས་བཟུང་སྟེ་ཨུ་རུ་སུའི་དམག་མི་༡༥༠༠༠༠་ནས་༡༩༠༠༠༠་ཡས་མས་ཤིག་བསད་པ་དང་རྨས་སྐྱོན་ཕོག་ནས་གཏན་དུ་དབང་པོ་སྐྱོན་ཅན་དུ་གྱུར། ཨུ་རུ་སུར་དམག་མི་འདང་ངེས་མེད་པའི་དཀའ་ངལ་ཆེ་བ་ཡོངས་སུ་གྲགས། ཕུ་ཊིན་གྱིས་ཨུ་རུ་སུར་དམག་མི་ས་ཡ་༡.༣༢་ཡོད་པ་དེའི་ཐོག་ཏུ་དམག་མི་༡༧༠༠༠༠་གསར་གསར་དུ་བསྡུ་རྒྱུ་ཡིན། མཐར་ཨུ་རུ་སུའི་དམག་མིའི་གྲངས་འབོར་ས་ཡ་༢.༢་ལོན་དགོས་པའི་ཐག་བཅད། ༢༠༢༢་ལོའི་ཕྱི་ཟླ་༨་པའི་ནང་ཕུ་ཊིན་གྱིས་དམག་མི་༣༠༠༠༠༠་བསྡུས་ཀྱང་མང་པོ་ཞིག་བསད་པ་དང་རྨས་སྐྱོན་ཕོག དམག་ཁྲལ་རྒྱུག་ཐུབ་པའི་ཨུ་རུ་སུའི་སྐྱེས་པ་འབུམ་༩་ལྷག་གིས་དམག་འཁྲུག་ལ་ངོ་རྒོལ་བྱས་ནས་ཡུ་རོབ་སོགས་ཕྱིའི་རྒྱལ་ཁབ་ཁག་ཏུ་བྲོས། ཨུ་རུ་སུར་དམག་མིའི་གྲངས་འབོར་མང་ཡང་དམག་སྦྱོང་སྤྲོད་ཐུབ་ཀྱི་མེད་པ་དང་འཐབ་འཁྲུག་གི་སེམས་ཤུགས་ཆག མཚོན་ཆ་ཡག་པོ་མེད་པར་ཡུག་ཀེ་རེན་ལ་དམག་འཁྲུག་ནུས་པ་ཐོན་པ་ཞིག་རྒྱག་ཐུབ་ཀྱི་མེད་པའི་གནས་ཚུལ་ཐོན་འདུག