ར་ཤི་ཡའི་དངུལ་སྒོར་འཛའ་ཐང་ཆག་སྟེ་དཔལ་འབྱོར་དཀའ་ངལ་སྡུག་ཏུ་སོང་།

ར་ཤི་ཡའི་དངུལ་སྒོར་འཛའ་ཐང་ཆག

༢༠༢༤།༡༢།༠༥

ཨ་རིའི་རླུང་འཕྲིན་ཁང་།

༄༅།། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ར་ཤི་ཡར་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་བཀལ་ནས་ཕྱིར་ཚོང་གི་ཡོང་འབབ་བརྒྱ་ཆ་༢༡་ཉུང་དུ་ཕྱིན་འདུག ཕྱི་ཟླ་༡༢་པའི་ཚེས་༥་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། བདུན་ཕྲག་སྔོན་མའི་གཟའ་ཕུར་བུའི་ཉིན་ར་ཤི་ཡའི་དངུལ་ལོར་རུ་བྷུལ་གྱི་འཛའ་ཐང་ཆག་སྟེ་ཨ་སྒོར་༡་ལ་རུ་བྷུལ་༡༡༣་སྤྲོད་དགོས་པར་གྱུར། ད་ལྟ་བདུན་ཕྲག་གཅིག་གི་རྗེས་སུ་ཨ་སྒོར་༡་ལ་རུ་བྷུལ་༡༠༥་སྤྲོད་དགོས་ཤིང་། དཔལ་འབྱོར་རིག་པ་བ་ཚོས་ར་ཤི་ཡའི་དངུལ་སྒོར་གྱི་འཛའ་ཐང་ཆག་པ་ནི་ཐེངས་གཅིག་བྱུང་བའི་དཀའ་ངལ་ཞིག་མ་རེད། ཕྱི་ཟླ་༡༡་པ་གཅིག་པུར་ར་ཤི་ཡའི་དངུལ་སྒོར་རུ་བྷུལ་གྱི་འཛའ་ཐང་བརྒྱ་ཆ་༨་ཆག་སྟེ་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་གནོད་ཚབས་ཆེན་པོ་ཕོག་འདུག་ཅེས་བསྟན། ར་ཤི་ཡའི་དབུས་དངུལ་ཁང་གིས་སྐྱེད་ཀ་བརྒྱ་ཆ་༢༣་སྤར་ནས་ཁེ་ལས་པ་ཚོར་དཀའ་ངལ་ཕྲད། ༢༠༢༥་ལོར་ར་ཤི་ཡའི་རྒྱལ་ཡོངས་ཐོན་སྐྱེད་ཀྱི་རྩ་འབོར་བརྒྱ་ཆ་༡.༩་ལས་འཕེལ་རྒྱས་འགྲོ་ཐུབ་རྒྱུ་མིན་པའི་ཚོད་དཔག་བྱས་འདུག

༢༠༢༢་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཕུ་ཊིན་གྱིས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་དམག་འཁྲུག་བསླངས་པའི་རྗེས་སུ་ར་ཤི་ཡའི་དངུལ་སྒོར་རུ་བྷུལ་གྱི་འཛའ་ཐང་ཉམས། དེ་ནི་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ར་ཤི་ཡར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཅད་པའི་མཇུག་འབྲས་ཡིན་པར་མ་ཟད། ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་ཁག་གིས་ར་ཤི་ཡའི་ཁྲོམ་རའི་ནང་དུ་མ་རྩ་བཙུགས་ཡོད་པ་ཕྱིར་འཐེན་བྱས་ནས་རུ་བྷུལ་གྱི་འཛའ་ཐང་ཆག་པ་ཞིག་ཀྱང་ཡིན་ཞིང་། ར་ཤི་ཡའི་དབུས་དངུལ་ཁང་གིས་འཕྲལ་དུ་ཕྱིར་ཚོང་རྒྱག་མཁན་ཚོས་ཕྱི་དངུལ་ཁེ་སང་བྱུང་བ་དེའི་བརྒྱ་ཆ་༨༠་ཐམ་པ་ར་ཤི་ཡའི་དངུལ་ལོར་རུ་བྷུལ་ལ་བསྒྱུར་དགོས། མི་མང་སྒེར་པ་ཚོས་ར་ཤི་ཡའི་དངུལ་ཁང་ཁག་ནས་ཨ་སྒོར་༡༠༠༠༠་ལས་ལེན་མི་ཆོག་ཞེས་རུ་བྷུལ་གྱི་འཛའ་ཐང་བརྟན་དུ་གཏོང་བའི་སྲིད་ཇུས་ཤིག་ལག་ལེན་བསྟར།།

ར་ཤི་ཡའི་དངུལ་སྒོར་འཛའ་ཐང་ཆག་སྟེ་དཔལ་འབྱོར་དཀའ་ངལ་སྡུག་ཏུ་སོང་།

༢༠༢༢་ཀྱི་ལོ་དཀྱིལ་ནས་འཛམ་གླིང་ཡོངས་སུ་རྡོ་སྣུམ་དང་སོལ་རླངས་ཀྱི་རིན་གོང་འཕར། ར་ཤི་ཡས་རྒྱ་ནག་དང་རྒྱ་གར་སོགས་ལ་རྡོ་སྣུམ་དང་སོལ་རླངས་རིན་གོང་བཅག་ནས་བཙོངས་ཏེ་གནས་སྐབས་རིང་རུ་བྷུལ་གྱི་འཛའ་ཐང་སླར་གསོ་བྱུང་། ༢༠༢༣་ལོར་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་༧་དང་ཡུ་རོབ་མཉམ་འབྲེལ། ཨོ་གླིང་བཅས་ཀྱིས་ར་ཤི་ཡའི་རྡོ་སྣུམ་ལྕགས་ཟོམ་གང་ལ་ཨ་སྒོར་༦༠་ལས་སྤྲོད་མི་ཆོག་ཅེས་རིན་གོང་གཏན་ལ་ཕབ། དེ་ནས་ར་ཤི་ཡར་ཕྱི་དངུལ་ཡོང་འབབ་ཉུང་དུ་ཕྱིན་པ་དང་རུ་བྷུལ་གྱི་འཛའ་ཐང་གི་ཡོད་པ་ཟློག་ཐབས་མ་རྙེད། ད་དུང་ཡང་ར་ཤི་ཡར་ཕྱིར་ཚོང་གི་ཡོང་འབབ་ཉུང་དུ་འགྲོ་བཞིན་ཡོད་པ་དང་བཟོ་ལས་ཡར་ཐོན་རྒྱལ་ཁབ་༧་གྱིས་རྡོ་སྣུམ་རིན་གོང་གཏན་འབེབས་བྱས་ཡོད་པ་ཕྱིར་འཐེན་མ་བྱུང་། ཕུ་ཊིན་ལ་དམག་འཁྲུག་གི་འགྲོ་གྲོན་ཆེ་བ་དང་༢༠༢༥་ནས་ཡུཀ་རེན་བརྒྱུད་དེ་ཡུ་རོབ་ལ་ལྕགས་སྦུག་ནང་དུ་ར་ཤི་ཡའི་སོལ་རླངས་འཚོང་གི་ཡོད་པ་འགོག་རྒྱུ་ཡིན་པས་རུ་བྷུལ་གྱི་འཛའ་ཐང་སྔར་ལས་ཆག་སྲིད་པའི་རྣམ་པ་ཞིག་མངོན།།

ཕྱི་ཟླ་༡༢་པའི་ཚེས་༢་ཉིན་ནེའུ་ཡོཀ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། དཔལ་འབྱོར་རིག་པ་ཚོས་ར་ཤི་ཡའི་གཞུང་གིས་འགྲོ་གྲོན་ཡོངས་རྫོགས་དམག་འཁྲུག་ལ་བཏང་སྟེ་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉམས་ཀྱི་འདུག ཡུཀ་རེན་ལ་བཙན་འཛུལ་བྱས་ནས་ལོ་བཞི་པ་དེ་སླེབས་གྲབས་ཡོད་པས་ར་ཤི་ཡའི་བཟོ་ལས་ཁག་འཕེལ་རྒྱས་འགྲོ་ཐུབ་ཀྱི་མེད་པ་དང་ཕྱི་ཟླ་༡༠་པ་ནས་བཟོ་ལས་ཁག་ཅིག་ཉམས་འགོ་ཚུགས། ར་ཤི་ཡའི་དབུས་དངུལ་ཁང་གིས་ཨུ་རུ་སུ་དམར་ཤོག་འཐོར་ཞིག་ཕྱིན་པའི་རྗེས་སུ་བྱུང་མྱོང་མེད་པའི་སྐྱེད་ཀ་སྤར། ར་ཤི་ཡ་རྒྱལ་ཡོངས་སུ་ཡུལ་ཐང་འཕར་ཏེ་མི་མང་ལས་ཤོར་བའི་གྲངས་འབོར་ཇེ་མང་། ར་ཤི་ཡའི་དཔལ་འབྱོར་མ་རྩ་བརྡིབ་རྒྱུའི་མཚམས་སུ་བསླེབས་ཡོད་པའི་གསར་འགྱུར་སྤེལ་འདུག

ཕུ་ཊིན་གྱིས་ཡུཀ་རེན་ལ་བཙན་འཛུལ་དམག་འཁྲུག་བསླངས་པར་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ར་ཤི་ཡར་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་བཅད་ནས་ལོ་༣་འགྲོ་གྲབས་ཡོད་ཅིང་། ར་ཤི་ཡའི་མེ་འཁོར་ལྕགས་ལམ་སྐྱེལ་འདྲེན་ནི་དམག་དཔུང་གི་འཕྲོ་ནས་མི་མང་ལ་ལས་ཀ་སྤྲོད་ས་ཆེ་ཤོས་དེ་ཡིན་མོད། འོན་ཀྱང་ལོ་སྔོན་མ་དང་བསྡུར་ན་ལོ་འདིའི་ཕྱི་ཟླ་༡༠་པའི་ནང་མེ་འཁོར་ལྕགས་ལམ་སྟེང་དུ་དངོས་ཟོག་སྐྱེལ་འདྲེན་བྱས་པའི་འབོར་ཚད་བརྒྱ་ཆ་༩་ཉུང་དུ་ཕྱིན་པ་དང་ར་ཤི་ཡའི་མེ་འཁོར་ལྕགས་ལམ་ལས་ཁུངས་ཀྱི་ཡོང་འབབ་ཀྱང་ཉུང་དུ་སོང་། ཁོ་ཚོས་གྱོང་གུད་གསབ་ཐབས་སུ་ཟླ་བ་འདི་ནས་སྐྱེལ་འདྲེན་གྱི་རིན་གོང་བརྒྱ་ཆ་༡༠་ལྷག་སྤར་བ་དང་༢༠༢༥་ནས་མེ་འཁོར་ལྕགས་ལམ་སྐྱེལ་འདྲེན་ལ་མ་རྩ་འཛུགས་རྒྱུ་གསུམ་ཆའི་གཅིག་ཉུང་དུ་གཏང་རྒྱུའི་ཐག་བཅད། ར་ཤི་ཡའི་བཟོ་ལས་བདག་པོ་དང་དངུལ་ཁང་གི་བདག་པོ་རྣམས་དམག་འཁྲུག་རྗེས་སུ་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་ངལ་ནང་དུ་ཚུད་རྒྱུར་སྐྲག

ར་ཤི་ཡའི་བཟོ་ལས་བདག་པོ་དང་དངུལ་ཁང་བདག་པོ་ཚོས་ཕུ་ཊིན་གྱི་དམག་འཁྲུག་སྲིད་ཇུས་ལ་ཐད་ཀར་སྐྱོན་བརྗོད་བྱེད་ཕོད་ཀྱི་མེད་ཀྱང་འཐད་པ་མེད་པའི་རྣམ་འགྱུར་གསལ་པོ་ཐོན། དཔེར་ན་བཟོ་ལས་བདག་པོ་དང་དངུལ་ཁང་བདག་པོ་ཚོས་ར་ཤི་ཡའི་འབྲེལ་ཡོད་ལས་སྣེ་ཚོས་སྲིད་ཇུས་ལག་ལེན་བསྟར་ཕྱོགས་འགྲིག་གི་མི་འདུག་ཅེས་སྐྱོན་བཙུགས། ཁོ་ཚོའི་དམིགས་འབེན་གཙོ་བོ་ནི་ར་ཤི་ཡའི་དབུས་དངུལ་ཁང་གི་གཙོ་འཛིན་ཡིན་པ་སྟེ། ར་ཤི་ཡའི་དབུས་དངུལ་ཁང་གིས་སྐྱེད་ཀ་སྤར་ནས་དཔལ་འབྱོར་དབུགས་བསྒགས་ཏེ་འཕེལ་རྒྱས་འགྲོ་རུ་འཇུག་གི་མི་འདུག་ཅེས་ཁ་རྡུང་བཏང་། ཡུ་རོབ་སྲིད་ཇུས་ཞིབ་འཇུག་ཁང་གི་ར་ཤི་ཡའི་དཔལ་འབྱོར་ཉམས་ཞིབ་པ་ཨ་ལིཀ་ཛན་ཌར་ཀོ་ལི་ཡན་ཌར་(Alexander Kolyandr)་གྱིས་དེང་སྐབས་ར་ཤི་ཡའི་རྒྱལ་ནང་དུ་འཕུར་མདེལ་དང་སྒྱོགས་མདེལ། ཁ་ལོ་བ་མེད་པའི་འཕུར་གྲུ་དང་མཚོན་ཆ་བཟོ་མ་ཐུབ་ན་ཚོང་ལས་མི་འདུག ར་ཤི་ཡའི་གཞུང་གིས་ནད་ཀྱི་འབྱུང་རྩ་བཅོས་ཐབས་མ་བྱས་པར་ནད་རྟགས་བཅོས་ཐབས་བྱེད་ཀྱི་འདུག་ཟེར།།

ར་ཤི་ཡའི་སྲིད་འཛིན་ཕུ་ཊིན།

ར་ཤི་ཡའི་གཞུང་གི་ཕྱོགས་གཏོགས་བཟོ་ལས་དང་ཁེ་ལས་མཐུན་ཚོགས་ཀྱིས་སྙན་ཐོ་བཏོན་པ་དེར་འཁོད་པ་ལྟར་ན། སྔ་ལོ་དང་བསྡུར་ན་ལོ་འདིའི་དུས་ཚིགས་གསུམ་པར་ར་ཤི་ཡའི་བཟོ་ལས་དང་ཁེ་ལས་མཐུན་ཚོགས་ཀྱི་ཚོགས་འཐུས་བརྒྱ་ཆ་༣༦་གིས་ཚོང་ཤག་ཚོའི་ལག་ནས་དངུལ་སྒོར་བསྡུ་མ་ཐུབ་པ་བརྒྱ་ཆ་༡༤་མང་དུ་ཕྱིན་འདུག དེ་ནི་དབུས་དངུལ་ཁང་གིས་སྐྱེད་ཀ་སྤར་བའི་རྐྱེན་གྱི་རེད་ཅེས་ལན་ཁག་དཀྲིས། ར་ཤི་ཡའི་དབུས་དངུལ་ཁང་གི་གཙོ་འཛིན་ན་བིའུ་ལི་ནས་(Nabiullina)་གྲོས་ཚོགས་འཐུས་མི་ཚོར་ང་ཚོ་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡོད་དོ་ཅོག་འགྲོ་གྲོན་གཏོང་དགོས་པའི་དུས་སྐབས་ཤིག་ཏུ་བསླེབས་ཡོད་པ་རེད། དེས་ན་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཡུག་ཚད་ངེས་ཅན་ཞིག་ལས་མི་འདུག་ཅེས་སྐྱོན་བརྗོད་བྱེད་མཁན་ཚོར་དགག་པ་བརྒྱབ། ཉམས་ཞིབ་པ་ཀོ་ལི་ཡན་ཌར་གྱིས་གནས་སྐབས་རིང་ར་ཤི་ཡའི་ནང་དུ་འཕེལ་རྒྱས་འགྲོ་བཞིན་པ་ནི་དམག་དོན་བཟོ་ལས་ཁག་རེད་ཅེས་བཤད་བཀྲལ།།

ཕྱི་ཟླ་༡༢་པའི་ཚེས་༢་ཉིན་རོ་ཡེ་ཊར་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལོ་རྗེས་མ་ནས་དམག་འཁྲུག་གཙིགས་སུ་འཛིན་པའི་ར་ཤི་ཡའི་དཔལ་འབྱོར་དེ་འཕེལ་རྒྱས་འགྲོ་ཐུབ་རྒྱུ་དཀའ་བར་སྣང་། རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཁང་གིས་ལོ་རྗེས་མར་ར་ཤི་ཡའི་རྒྱལ་ནང་ཐོན་སྐྱེད་ཀྱི་རྩ་འབོར་བརྒྱ་ཆ་༡.༣་ལས་འཕེལ་རྒྱས་འགྲོ་ཐུབ་རྒྱུ་མིན་པའི་སྔོན་དཔག་བྱས་འདུག ར་ཤི་ཡའི་དངུལ་ཁང་ཆེ་ཁག་ཨང་གཉིས་པ་VTB་གྱི་གཙོ་འཛིན་ཨན་ཌི་རེ་ཀོ་སི་ཊིན་(Andrei Kostin)་གྱིས་ང་ཚོར་དཔལ་འབྱོར་ཀྱི་ཉེས་ཆད་ཕོག་ནས་ལོ་བཞི་ཟིན་གྲབས་ཡོད་པ་རེད། རྒྱལ་ཁབ་ཀྱི་དངུལ་རྩིས་དེའི་གསུམ་ཆའི་གཅིག་དམག་དོན་ལ་འགྲོ་གྲོན་གཏོང་གི་ཡོད་པས་དཔལ་འབྱོར་ཉམས་རྒུད་མི་འགྲོ་བ་ག་ལ་སྲིད། ངས་བལྟས་ན་དངུལ་སྒོར་གྱི་འཛའ་ཐང་དེ་ཨ་སྒོར་༡་ལ་རུ་བྷུལ་༡༠༠་བྱས་ནས་གནས་ཐུབ་ཀྱི་རེད། ༢༠༢༥་ལོར་ང་ཚོའི་དངུལ་ཁང་གི་ཁེ་སང་བརྒྱ་ཆ་༢༧་ཉུང་དུ་འགྲོ་ས་རེད་ཅེས་བཤད་དོ།།