རྒྱ་གཞུང་ལ་འགོག་རྒོལ་བྱ་རྒྱུ་དེ་ཐེ་ཝན་མི་དམངས་ཡོངས་ཀྱི་འདོད་བློ་གཙོ་བོ་ཆགས་ཡོད་པ།

༢༠༢༤ ལོའི་ཐེ་ཝན་གྱི་སྲིད་འཛིན་འོས་བསྡུ་ཆེན་པོའི་དུས་ཚོད་སླེབས་རན་གྱི་སྐབས་འདིར། ཐེ་ཝན་གྱི་འོས་བསྡུར་རྟོག་ཞིབ་ཏུ་འབྱོར་བའི་ཕྱི་རྒྱལ་དུ་གནས་བཞུགས་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཚོ་ལྟར་ན། ཐེ་ཝན་མི་དམངས་ཚོས་འོས་བསྡུའི་ནང་ཤེས་རབ་ཀྱི་གྲོགས་དང་བཅས་པའི་བསམ་ཤེས་ཐུབ་ངེས་ཆགས་ཡོད་པ་དང་། འོས་བསྡུའི་འགྲོ་ལུགས་འགྲོ་སྟངས་ཁག་ཀྱང་ཕྱི་གསལ་ནང་གསལ་ཆགས་ཡོད་པ་ནི། མི་ལ་སེམས་འགུལ་ཐེབས་པ་ཞིག་ཏུ་ངེས་པར་མ་ཟད། རྒྱ་ནག་དམར་ཤོག་གཞུང་ལ་འགོག་རྒོལ་གྱི་ཐད་ནས་ཀྱང་བློ་ཐག་རྦད་ཆོད་དང་། སེམས་ཤུགས་ཇེ་ཆེ་ནས་ཇེ་ཆེ་ཡིན་པ་རེད། དེ་ལྟར་ལགས་མོད་ཀྱང་། རྒྱ་ནག་དམར་ཤོག་གཞུང་གི་སིམ་འཛུལ་གྱི་ནུས་པར་ངོས་འཛིན་དེ་ཙམ་གསལ་པོ་ཆགས་ཐུབ་མེད་པ་ནི་ཞན་ཆ་ཞིག་ཏུ་ངེས་བཞག

ཚོར་འདུའི་ཀློང་ནས་དོན་ཏེ་ཤེས་རབ་ཀྱི་གྲོཊ་དང་བཅས་པའི་དམངས་གཙོའི་འོས་བསྡུའི་ལམ་ལ་བསྐྱོད་པ།

༢༠༢༤ ལོའི་ཐེ་ཝན་གྱི་སྲིད་འཛིན་འོས་བསྡུ་ཆེན་མོའི་དངོས་གཞིའི་དུས་ཚོད་སྤྱི་ཟླ་༡ པོའི་ཚེས་༡༣ ཉིན་སླེབས་ལ་ཉེ་བ་དང་། མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་ལམ་རྙོང་འཛིང་ཆེ་བའི་གནས་སྟངས་འོག་ནས། ཐེ་ཝན་གྱི་འོས་བསྡུ་དེ་ཇི་ལྟར་བྱ་རྒྱུ་ཡིན་མིན་དང་། འོས་མི་རྣམས་དང་ཐེ་ཝན་སྤྱི་ཚོགས་ཀྱི་རྣམ་འགྱུར་བཅས་ནི་རྒྱལ་སྤྱིའི་དོ་སྣང་བྱ་ཡུལ་གཙོ་བོ་ཞིག་ཆགས་ཡོད་པ་རེད།

སྔར་སྲོལ་འཆར་ཅན་ལྟ་བུར་ཐེ་ཝན་དུ་འོས་བསྡུའི་དུས་ཚོད་འཁེལ་མཚམས་སུ། འོས་བསྡུར་རྟོག་ཞིབ་ཏུ་ཕྱི་རྒྱལ་དུ་གནས་བཞུགས་ཚོགས་པ་མང་པོ་ཆེད་གཉེར་གྱིས་ཐེ་ཝན་ས་གནས་ས་ཐོག་ཏུ་འབྱོར་སྲོལ་ཞིང་། ད་ལན་ནི་ཏོག་དབྱིབས་ནད་ཡམས་རྗེས་ཀྱི་འོས་བསྡུ་དང་པོ་དེ་ཡིན་ཙ་ན། ད་ལོར་ཕྱིའི་རྒྱལ་ཁབ་ཁག་ཏུ་གནས་བཞུགས་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་དང་། རིགས་གཅིག་མཁས་དབང་ཚོར་མཚོན་ན། འོས་བསྡུའི་ཐག་ཉེ་སར་བཅར་ནས་རྟོག་ཞིབ་ཀྱི་ལས་ལ་འཇུག་རྒྱུ་དེ་ནི་ཤིན་ཏུ་ནས་ཀྱང་གལ་འགངས་ཆེན་པོ་ཆགས་འདུག།

དེ་སྔོན་ཁ་ན་ཊའི་མི་སྡེ་ཉུང་གྲས་རིགས་ཀྱི་གསར་འགོད་པའི་གཟེངས་རྟགས་ཐོབ་མཁན་གྱི་རྒྱ་ནག་གི་རྩོམ་པ་པོ་དང་། ཕྱི་རྒྱལ་དུ་གནས་འཁོད་རྒྱ་ནག་གི་དམངས་གཙོའི་དུས་དེབ་གྲགས་ཅན་རྒྱ་ནག་གི་དཔྱིད་ཀ་ཞེས་པའི་རྩོམ་སྒྲིག་པ་ཧྲན་ཞའེ་ལགས་ལྟར་ན། ཐེ་ཝན་གྱི་འོས་བསྡུ་ནི་རྟོག་དཔྱོད་ཉང་ཞིབ་བྱ་འོས་པའི་དོན་དག་ཅིག་རེད། རྒྱུ་མཚན་ཅི་ལགས་ཞེ་ན། འཛམ་གླིང་གི་རྒྱལ་ཁབ་གཞན་གྱི་འོས་བསྡུ་གང་དང་ཡང་མི་འདྲ་བར། གང་དེའི་ཉེ་འཁྲིས་སུ་རྒྱ་ནག་དམར་ཤོག་གི་སྒེར་གཅོད་གཞུང་ཞིག་ཡོད་པ་དང་། དེས་དུས་ཡུན་རིང་པོར་གླེང་ཕྱོགས་དང་། དམག་དོན། ཁྲིམས་ལུགས། སེམས་ཁམས་སོགས་ཐབས་རྣམ་ཅི་རིགས་ཀྱིས་ཐེ་ཝན་གྱི་དམངས་གཙོའི་འགྲོ་རིམ་ལ་ཉེན་ཁ་བཟོས་དང་བཟོ་མུས་ཡིན་པས་རེད།

ཁོང་མོས་ཨ་རིའི་རླུང་འཕྲིན་ཁང་ལ་གསུང་དོན་དུ། ཐེ་ཝན་གྱི་འོས་བསྡུ་ནི་ལས་སླ་པོ་ཞིག་རྩ་བ་ནས་མ་རེད། ཐེ་ཝན་གྱི་མི་དམངས་ཚོ་བརྒྱུད་རིམ་དེའི་ནང་ལ་སྔར་ལས་ལྷག་པར་འཚར་ལོངས་བྱུང་དང་འབྱུང་བཞིན་པ་དང་། ཁྱེད་ཚོས་མཁྱེན་གསལ་ལྟར། ད་ཆ་ཐེ་ཝན་དེ་བཞིན་ལོ་ནས་ལོ་བསྟུད་ནས་ལོ་ངོ་འགའ་ཤས་ཀྱི་རིང་ལ། ཨེ་ཤེ་ཡའི་ས་ཁུལ་གྱི་དམངས་གཙོའི་གནས་ཚད་མཐོ་ཤོས་ཀྱི་རྒྱལ་ཁབ་ཁོངས་སུ་བདམས་ཐོན་བྱུང་ཡོད་པ་རེད།

ཧྲན་ཞའེ་ལགས་ཀྱིས་༢༠༠༠ ཐམ་པ་ལོར་ཐེངས་དང་པོར་ཐེ་ཝན་དུ་འབྱོར་མྱོང་སྐོར་གསུང་གླེང་གནང་བར། སྐབས་དེར་ཐེ་ཝན་ནང་དམངས་གཙོའི་ཚོར་འདུ་ཤུགས་ཆེ་འཕར་བའི་དུས་སྐབས་ཤིག་ཡིན་པའི་ཉམས་སྣང་བྱུང་ཡོད་ཅིང་། མི་དམངས་ཚོས་སོ་སོ་དམངས་གཙོ་འོས་བསྡུའི་བརྒྱུད་རིམ་ནང་ཐད་ཀ་ཐད་སོར་མཉམ་ཞུགས་ཆོག་པར་སྤྲོ་བས་བརྟས་ཡོད་པ་དང་། ད་ཆ་རིམ་བཞིན་ཞི་ལྷོད་དུ་ཆགས་ཏེ་རྣམ་པར་དཔྱོད་པའི་ཤེས་རབ་ཀྱི་གྲོགས་དང་ལྡན་པའི་འོས་བསྡུའི་ངང་ཚུལ་ཞིག་ཆགས་ཡོད་པའི་གདེང་འཇོག་གནང་འདུག།

ཁོང་མོས། ད་ལོར་སྤྱི་ཡོངས་ཀྱི་ཐོག་ནས་ཚོར་ཤེས་འཕར་བའི་རྣམ་པ་དེ་ཞི་འཇམ་དུ་ཕྱིན་འདུག། དེ་ནི་མི་དམངས་བྱིངས་དེ་དམངས་གཙོ་འོས་བསྡུའི་རྒྱུན་ལྡན་གྱི་རྣམ་པ་དེ་ལྟ་བུར་གོམས་འདྲིས་ཆགས་པའི་རྟགས་མཚན་ཞིག་རེད། དང་ཐོག་འགོ་འཛུགས་དུས་ནང་བཞིན་གྱི་སྤྲོ་སེམས་འཕེལ་བའི་རྣམ་པ་དེ་ཙམ་མེད་པ་དང་། ཡོད་པ་དེའང་རྣམ་དཔྱོད་དང་ཤེས་རབ་ཀྱི་གྲོགས་དང་བཅས་པའི་ཚོར་འདུའི་མངོན་སྟངས་ཤིག་རེད། ཅེས་གསུངས་འདུག།

ནིའུ་ལྗར་སེ་དུ་གནས་བཞུགས་རྒྱ་ནག་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ལག་བསྟར་འགན་འཛིན་དང་། མི་ཆོས་རྒྱ་ནག་ཞེས་པ་གསར་འཛུགས་གནང་མཁན་ཀྲུའུ་ཧྥེན་སཱའོ་ལགས་སྤྱི་ཟླ་༡༢ པའི་ཟླ་མཇུག་ཏུ་ཐེ་ཝན་ལ་འབྱོར་ཏེ། ཐེ་ཝན་གྱི་ས་གནས་སོ་སོས་འོས་བསྡུར་རྣམ་འགྱུར་ཅི་ཞིག་འཛིན་གྱི་ཡོད་མེད་རྟོག་ཞིབ་གནང་ཡོད་པ་རེད།

ཁོང་གིས་ཨ་རིའི་རླུང་འཕྲིན་ཁང་ལ་གསུང་དོན་དུ། ཐེ་ཝན་གྱི་འོས་བསྡུར་དམིགས་བསལ་གྱི་ཁྱད་ཆོས་མང་པོ་ཡོད་པ་ལས། དཔེར་ན། འོས་མི་དྲིལ་བསྒྲགས་ཀྱི་མཚན་མོའི་འདུ་འཛོམས་སར། གཞིས་ཁུལ་མཉམ་ཞུགས་བྱེད་མཁན་ཤུགས་ཆེ་ཡོད་པ་དང་། སྤྲོ་སྐྱིད་ཀྱི་སྣང་བ་ཡོད་ཀྱང་། བརྗོད་གཞི་ནང་དོན་ནི་གཟབ་ནན་ཅན་ཡིན་པ་རེད། ཁོང་ལྟར་ན། ཐེ་ཝན་གྱི་འོས་བསྡུ་ནི་ཞི་བའི་ཐབས་ལམ་ལ་བརྟེན་པའི་དམངས་གཙོའི་དཔེ་གཞི་ཞིག་ཡིན་པ་ཙམ་མ་ཟད། དམངས་གཙོའི་ལམ་ལུགས་ལ་བརྩི་མཐོང་བྱེད་ཕྱོགས་དང་། མི་མང་གིས་འོས་བསྡུའི་བརྒྱུད་རིམ་ནང་ལ་མཉམ་ཞུགས་གཏིང་ཟབ་བྱེད་སྟངས། ཡོངས་གྲགས་ཀྱི་ཐོག་ནས་ཁྲིམས་དང་སྒྲིག་ལམ་བརྩི་ལུགས་སོགས་ནི་ཡིད་འགུལ་ཐེབས་པ་ཞིག་ཡིན་པ་རེད།

ཀྲུའུ་ཧྥེན་སཱའོ་ལགས་ཀྱིས་འོས་ཤོག་གྲངས་བཤེར་གྱི་ཡུལ་དངོས་ཀྱི་མཐོང་ཐོས་སྐོར་ནས་གླེང་མོལ་བྱུང་སྐབས་གསུང་དོན་ལ། ངས་སྐབས་དེར་སེམས་འགུལ་ཐེབས་ནས། འོས་ཤོག་རེ་རེ་བཞིན་ཕྱིར་བཏོན་ནས་ཡང་ནས་བསྐྱར་དུ་བལྟས་པ་ཡིན། སུ་ཡིས་སུ་ལ་འོས་ཤོག་འཕེན་ཡོད་མེད་མ་ལྟོས་པར། སོ་སོ་ས་གནས་ས་ཐོག་ལ་ཆས་ནས་པར་བརྒྱབ་ཆོག་པ་དང་། བརྙན་པར་ཕབ་ལེན་བྱ་ཆོག་པ། ཐམས་ཅད་ལ་རྟོག་ཞིབ་བྱ་ཆོག་གི་འདུག། དེ་ཙམ་དུ་མ་ཟད། ཉིན་དེ་ག་རང་ལ་མཇུག་འབྲས་ཅི་ཡིན་ཆ་ཚང་ཤེས་རྟོགས་ཐུབ་ཀྱི་འདུག། དེ་ཚོ་ཚང་མ་ཕྱི་གསལ་ནང་གསལ་དང་། ཐད་ཀ་ཐད་སོའི་སྒྲིག་གཞིར་ཁག་ཐེག་ཡོད་པའི་མཚོན་རྟགས་ཤིག་རེད།

ཀྲུའུ་ཧྥེན་སཱའོ་ལགས་ཀྱི་གསུང་དོན་ལྟར་ན། འོས་བསྡུ་ཕྱི་གསལ་ནང་གསལ་ཡིན་པའི་ཐད་ནས་ཐེ་ཝན་གྱི་བྱེད་སྟངས་དེ་ཐ་ན་ཨ་མེ་རི་ཀ་ལས་ཀྱང་ཞེ་དྲག་གིས་ཡག་པོ་ཡིན་པ་རེད།

ཨོ་སི་ཁྲི་ལི་ཡའི་སད་ནེ་གཙུག་ལག་སློབ་གྲྭ་ཆེན་མོའི་སྤྱི་ཚོགས་རིག་པའི་འབུམ་རམས་པ། རྒྱ་ནག་དམངས་གཙོའི་འཐབ་ཕྱོགས་ཀྱི་འགན་འཛིན་ཆིང་ཅིན་ལགས་ཀྱིས་ཨ་རིའི་རླུང་འཕྲིན་ཁང་གི་བཅར་འདྲི་དང་ལེན་གནང་སྐབས་སུ་གསུང་དོན་དུ། ཐེ་ཝན་གྱིས་དམངས་གཙོ་ལག་ལེན་བསྟར་བའི་བརྒྱུད་རིམ་དེ་ལོ་ངོ་༤༠ ཙམ་ལས་བརྒྱུད་མྱོང་མེད་ཀྱང་། གྲུབ་འབྲས་དང་བྱེད་སྟངས་དེ་ཚོར་བལྟས་ན་འཛམ་བུ་གླིང་གི་དམངས་གཙོའི་ལུང་པའི་ནང་ངོ་གནོངས་མི་དགོས་པ་ཞིག་ཆགས་འདུག། ཐ་ན་དམངས་གཙོའི་ལམ་སྟོན་སྒྲོན་མེ་རུ་འབོད་པའི་ཨ་རིར་འགྲན་བཟོད་པ་ཞིག་ཆགས་པ་དེ་བཞིན་འཛམ་གླིང་དམངས་གཙོའི་ལམ་སྟོན་སྒྲོན་མེ་ཞེས་མཚན་སྙན་གསོལ་ནའང་རན་པ་ཞིག་འདུག།

ཁོང་གིས་ཐེ་ཝན་གྱི་སྲིད་དོན་འོས་བསྡུ་དེ་གཙང་མ་གཙང་རྐྱང་ཡིན་པའི་ཐད་ནས་ཨ་རི་ལས་ལྷག་པ་ཞིག་རེད། ཚུལ་དེས་ཀྱང་རྒྱ་ཡིག་རྒྱ་སྐད་བེད་སྤྱོད་གཏོང་བའི་དཀྱིལ་འཁོར་གྱི་ནང་ལའང་། དམངས་གཙོའི་ལམ་ལུགས་དང་དམངས་གཙོའི་འོས་བསྡུ་དེ་བཞིན་ནུབ་ཕྱོགས་ལས་མི་དམན་པ་ཞིག་ཡོང་ཐུབ་ངེས་ཡིན་པ་མཚོན་གྱི་ཡོད་པ་རེད། ཅེས་གསུངས་འདུག།

ཆིང་ཅིན་ལགས་ཀྱི་དགོངས་པར། ད་ལན་གྱི་རྒྱལ་ཡོངས་འོས་བསྡུའི་ནང་། སྲིད་དོན་ཚོགས་པ་ཆེ་ཤོས་ཀྱི་འོས་མི་གསུམ་པོའི་འོས་བསྡུ་ལས་འགུལ་གྱི་བྱེད་སྒོའི་ཐད་སྐྱེ་བོའི་དོ་སྣང་འདྲེན་ཐུབ་པའི་ཕུལ་བྱུང་གི་གལ་གནད་ཇི་སྙེད་ཅིག་ཡོད་པའི་ནང་ནས། སྲིད་དོན་ཚོགས་པ་གཉིས་ཀྱི་སྲིད་འཛིན་གཞོན་པའི་འོས་མི་དེ་ཕྱི་གཟུགས་འཛེས་ཤིང་། ནང་བསམ་བློ་མཛངས་པའི་ཤེས་འཇོན་གཉིས་ལྡན་གྱི་བུད་མེད་ཡིན་པ་དེས་ཀྱང་འོས་བསྡུར་དོ་སྣང་འོས་པའི་ཆ་མི་ཉུང་བ་ཞིག་བསྣན་ཡོད་པ་བསྙོན་མེད་རེད། བུད་མེད་ཀྱི་འོས་མི་བཏོན་མེད་པའི་གོ་མིན་ཏང་གིས་སྔར་རང་མགོ་རང་ཐོན་གྱིས་ཟུར་འདོན་བྱས་ཀྱང་། ཁུངས་མ་འཁྱོལ་བར་ཕྱིར་གོ་སར་ལོག་པའི་ཁ་བདེ་ཅན་ཀྲའོ་ཧྲའོ་ཁཱང་གིས་སྲིད་འཛིན་གཞོན་པའི་གོ་གནས་འཛིན་རྒྱུ་བྱས་ཤིང་། རྒྱ་ནག་དང་ཅུང་ཟད་མཐུན་ལམ་གྱི་བྱེད་མཁན་གོ་མིན་ཏང་དང་མི་དམངས་ཚོགས་པ་གཉིས་མཉམ་འབྲེལ་བྱ་རྒྱུ་ལམ་ལྷོངས་མ་བྱུང་བའི་རྗེས་སུ། སུ་ཞིག་བློས་གཏོང་བྱ་རྒྱུ་དང་སུ་ཞིག་མུ་མཐུད་རྒྱུན་གནས་བྱ་རྒྱུའི་བརྗོད་གཞིའི་ཐད་ནས་ཀྱང་མི་ཚོས་དོ་སྣང་ཤུགས་ཆེན་སླེབས་ཡོད་པ་རེད། ཁོང་གིས་བརྙན་འཕྲིན་རྩོད་གླེང་གི་ནང་ནས་གསལ་དོན་ལྟར་ན། འོས་མི་གསུམ་པོ་ཐམས་ཅད་ལ་དམངས་གཙོའི་རིག་གཞུང་གི་བྱང་ཚད་དམ་སྤུས་ཚད་ལྡན་པ་དང་། ཐ་ན་གཞུང་འབྲེལ་བརྙན་འཕྲིན་ལས་ཁུངས་ཀྱི་ཚོང་སྤྱིར་འབོད་པའི་ཧུའུ་ཡོན་ཇུན་ལགས་ཀྱིས་རྩོད་གླེང་གསོ་སྐྱོང་གནང་བའི་ཆེད་ལས་ཀྱི་གནས་ཚད་མངོན་གསལ་དོད་པ་དེའང་བསྔགས་བརྗོད་འོས་པ་ཞིག་བྱུང་ཡོད་པས། ཐེ་ཝན་གྱི་འོས་བསྡུའི་ནང་གི་དམངས་གཙོའི་གནས་ཚད་དང་། དཔལ་ཡོན་གྱི་གནས་ཚད་དེ་ཨ་རི་ལས་མི་དམན་པ་ཞིག་བྱུང་འདུག། ཅེས་བརྗོད་ཀྱང་དོན་ལ་གནས་ཤིང་འུར་བརྗོད་དུ་མི་འགྲོ་བ་ཞིག་རེད།

རྒྱ་ནག་དམར་ཤོག་ལ་འགོག་རྒོལ་བྱེད་པའི་ཚད་དེ་ཇེ་མཐོ་ནས་ཇེ་མཐོར་འགྲོ་བཞིན་པ།

ཐེ་ཝན་གྱི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་བརྗོད་གཞི་སྣ་ཚོགས་པའི་ནང་། མཚོ་འགག་ཕྱོགས་ཀྱི་བརྗོད་གཞི་དེ། སྔར་ལམ་བཞིན་ཕྱིའི་རྒྱལ་ཁབ་ཏུ་གནས་བཞུགས་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཚོའི་དོ་སྣང་བྱ་ཡུལ་གཙོ་བོ་ཞིག་ཡིན་པ་རེད། ཨ་རིའི་ལོ་སན་ཇཱོ་ལེ་སིར་གནས་བཞུགས་ཨེ་ཤེ་ཡ་དང་ཞི་བདེའི་རྒྱ་མཚོའི་ཁུལ་གྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཐེབས་རྩའི་འགན་འཛིན་མེ་ཧླུང་ཅེ་ལགས་ཀྱི་དགོངས་ཚུལ་བྱས་ན། སྲིད་འཛིན་འོས་མིས་གནས་ཚུལ་བྱེ་བྲག་པའི་སྒང་ལ་ལན་འདེབས་གནང་ཚུལ་ལ་བལྟས་ན། ཐེ་ཝན་གྱི་མི་དམངས་བྱིངས་ཀྱི་ནང་ལ་འདས་པའི་ལོ་འགའ་ཤས་རིང་འགྱུར་ལྡོག་ཤུགས་ཆེན་ཕྱིན་ཡོད་པ་ཤེས་རྟོགས་ཐུབ་ཀྱི་འདུག།

ཁོང་གིས་ཨ་རིའི་རླུང་འཕྲིན་ཁང་ལ་གསུངས་དོན་ལྟར་ན། སྲིད་འཛིན་འོས་མི་གཙོ་བོ་གསུམ་གྱི་ནང་ནས། དམངས་གཙོ་ཡར་ཐོན་པའི་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ལའེ་ཆིང་ཏེ་ལགས་ཀྱིས། རྒྱ་ནག་གིས་དྲག་པོའི་ཐོག་ནས་ཐེ་ཝན་གཅིག་གྱུར་རམ་བཙན་འཛུལ་བྱ་སྲིད་མིན་གྱི་གནད་དོན་ཐད། ལྟ་བ་ལངས་ཕྱོགས་བརྟན་པོ་བློ་གདེང་འཁེལ་བ་ཞིག་འཛིན་གྱི་ཡོད་པ་དང་། དེ་ལྟ་ནའང་གོ་མིན་ཏང་གི་སྲིད་འཛིན་འོས་མི་ཧའོ་ཡུག་ཡཱི་ལགས་དང་། མི་དམངས་ཚོགས་པའི་སྲིད་འཛིན་འོས་མི་ཁེ་ཝེན་ཀྲེ་ལགས་རྣམ་གཉིས་ཀྱིས་ཀྱང་ཐེ་ཝན་མི་དམངས་ཀྱི་བསམ་བློའི་འགྱུར་ལྡོག་ལ་དེ་ལ་དེ་བསྟུན་གྱི་ལངས་ཕྱོགས་འཛིན་དགོས་བྱུང་འདུག།

མེ་ཧླུང་ཅེ་ལགས་ཀྱིས་གསུང་དོན་དུ། སྤྱིར་ཧའོ་ཡུག་ཡཱི་ལགས་དང་ཁེ་ཝེན་ཀྲེ་ལགས་རྣམ་གཉིས་ཀྱིས་བརྗོད་གཞི་དེའི་ཐད་དགོངས་ཚུལ་བཏོན་མེད་ཀྱང་། སྔོན་མའི་སྲིད་འཛིན་འོས་བསྡུའི་སྐབས་ཀྱི་འོས་མི་ཚོའི་གསུང་སྟངས་དང་བསྡུར་ན་འགྱུར་ལྡོག་ཆེན་པོ་ཞིག་ཕྱིན་ཡོད་ཅིང་། དེ་ཙམ་གྱིས་སྔོན་མ་ནང་བཞིན་རྒྱ་ནག་ལ་མཐུན་ལམ་དང་། རྒྱ་ནག་ལ་ཞེད་སྣང་སྐྱེས་ཀྱི་ཡོད་པའི་རྣམ་འགྱུར་དེའང་ཞེ་དྲག་མེད་པར། དེ་འོས་མི་གཉིས་ཆས་རྒྱ་ནག་ལ་མཐུན་ལམ་དང་འགྲིག་པོ་ཡོད་པ་རེད་ཟེར་བའི་རྣམ་འགྱུར་དེ་བསྟན་འདོད་མེད་པ་ཆགས་ཤག། ཅེས་དང་། མི་དམངས་བྱིངས་ཀྱི་ནང་ནས་རྒྱ་ནག་ལ་ལྟ་ཕྱོགས་དེ་ཞེད་པོ་ཞིག་འགྱུར་ལྡོག་ཕྱིན་འདུག་ལ། ལོ་ངོ་བཞིའི་གོང་དང་བསྡུར་ན་ཐེ་ཝན་མི་དམངས་སྤྱི་ཡོངས་ཀྱི་བསམ་བློ་ནང་ལ་རྒྱ་ནག་དམར་ཤོག་ལ་འགོག་རྒོལ་གྱི་ཚད་དེ་ཧ་ཅང་ཆེ་རུ་ཕྱིན་འདུག། ཅེས་གསུངས།

མེ་ཧླུང་ཅེ་ལགས་ཀྱིས་རྒྱ་ནག་དམར་ཤོག་གཞུང་ལ་འགོག་རྒོལ་བྱ་རྒྱུ་དེ་ཐེ་ཝན་མི་དམངས་སྤྱི་བོ་གནམ་བསྟན་ཡོངས་ཀྱི་འདོད་བློ་གཙོ་བོ་ཆགས་འདུག། ཅེས་ཀྱང་གསུངས་འདུག།

གོང་ཞུས་རྒྱ་ནག་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ལག་བསྟར་འགན་འཛིན་ཀྲུའུ་ཧྥེན་སཱའོ་ལགས་ཀྱིས་ཐེ་ཝན་གྱི་སྤྱི་ཚོགས་ཀྱི་ངོས་ནས་དམངས་གཙོར་སྲུང་སྐྱོབ་བྱ་དགོས་པའི་འདུ་ཤེས་དེ་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་དང་། དམངས་གཙོའི་འོས་བསྡུ་སྒྲིག་གཞི་རྒྱུན་འཁྱོངས་བྱས་པ་དེ་ནི། རྒྱ་ནག་སྒེར་གཅོད་གཞུང་ལ་མཚོན་ན་ནད་ཀྱི་གཉེན་པོ་སྨན་ལྟ་བུ་ཆགས་ཡོད་པ་རེད། ཅེས་གསུངས་འདུག།

ཁོང་གིས་གསུང་དོན་དུ། ཁོང་གིས་ཐེ་ཝན་གྱི་འོས་བསྡུ་སླེབས་རིམ་བཞིན། དེའི་ཚེ་དེའི་དུས་ཆིང་ཧྭ་སློབ་གྲྭ་ཆེན་མོའི་དངོས་ལུགས་རིག་པའི་སྡེ་ཚན་ནང་སློབ་ཕྲུག་ཚོགས་པའི་འོས་བསྡུ་བྱས་མྱོང་བ་དེ་དང་། ༡༩༨༩ ལོའི་དྲུག་བཞིའི་སློབ་ཕྲུག་ལས་འགུལ་ནང་། སློབ་ཕྲུག་རྣམས་རྩ་འཛུགས་བྱས་ཏེ་རྔམ་སྟོན་ཁྲོམ་སྐོར་སྤེལ་བ་དང་། དམངས་གཙོ་དོན་གཉེར་བྱས་པའི་བརྒྱུད་རིམ་རྣམས་དྲན་གསོ་ཐེབས་ཀྱི་འདུག། ཅེས་དང་། དེ་བཞིན་ཡང་ཁོང་གིས། རྒྱ་ནག་དམར་ཤོག་གཞུང་གིས་དུས་རྟག་པར་ང་ཚོ་མི་གྲངས་དུང་ཕྱུར་འགའ་ཤས་ཅི་ཞིག་ཅིག་ཅེས་ངག་ལ་ཁྱེར་གྱི་ཡོད་ཀྱང་། དོན་དམ་དུ་རྒྱ་ནག་དམར་ཤོག་ལ་མཚོན་ན་འཕུར་མདེའི་ཁའི་ཐལ་རྡུལ་བྱ་ཆོག་ཆོག་གི་བྲན་གཡོག་གི་རིན་ཐང་ཙམ་ལས་མེད་པ་རེད། གལ་སྲིད་ཁྱེད་ལ་བརྩི་བཀུར་དང་འོས་འདེམས་བྱ་ཆོག་པའི་དབང་ཆ་ཐོབ་དུས་ནི་མི་འདྲ་བ་རང་རེད། རྒྱུ་མཚན་དེའི་ཕྱིར་ན། ང་ལ་བློ་བསྐྱེད་ཅི་ཞིག་བྱུང་སོང་ཞེ་ན། དམངས་གཙོ་ནི་འགྲོ་བ་མིའི་རིགས་ཀྱི་རང་བཞིན་གནས་རིགས་དང་མཐུན་པ་དང་། རང་བྱུང་ལྷད་མེད་ཀྱི་སྒྲིག་སྲོལ་ཞིག་ཡིན་པའི་ངེས་ཤེས་གསལ་པོ་འདྲོངས་སོང་། ཐེ་ཝན་གྱིས་དེ་དག་ལོངས་སུ་སྤྱོད་བཞིན་པ་རེད། ཅེས་གསུངས་འདུག།

ཀྲུའུ་ཧྥེན་སཱའོ་ལགས་ཀྱིས་དགོངས་ཚུལ་ལྟར་ན། ཐེ་ཝན་གྱི་དམངས་གཙོ་ནི་འཛམ་གླིང་གི་ནོར་བུ་རིན་པོ་ཆེ་ཡིན་པའི་རྐྱེན་གྱིས། ཨ་རི་སོགས་ནུབ་ཕྱོགས་ཀྱི་སྟོབས་ཅན་རྒྱལ་ཁབ་ཚོས་དམངས་གཙོའི་སྒྲིག་སྲོལ་ལ་སྲུང་སྐྱོབ་གནང་རྒྱུ་དེ་ནི་ཡིན་ཤག་ཤག་གི་བརྗོད་མི་དགོས་པའི་དོན་དག་ཅིག་རེད། ལྷག་པར་དུ་རྒྱ་ནག་དམར་ཤོག་གི་སིལ་འཛུལ་དང་སྡིགས་སྐུལ་གྱི་ཉེན་ཁ་འགོག་རྒྱུའི་ཐད་ཐེ་ཝན་ལ་རོགས་རམ་བྱ་རྒྱུ་དེ་དེ་བཞིན་རེད་ལ། རྒྱ་ནག་དམར་ཤོག་གིས་ཐེ་ཝན་གྱི་འོས་བསྡུར་ཤུགས་རྐྱེན་གཏོང་ཐབས་བྱས་དང་བྱེད་བཞིན་པའི་ཐད་ནས་ཀྱང་ནུབ་ཕྱོགས་རྒྱལ་ཁབ་ཚོས་ཐེ་ཝན་ལ་དེ་བཞིན་རོགས་རམ་གནང་ངེས་རེད།

ཐེ་ཝན་གྱི་ངོས་ནས་རྒྱ་ནག་གི་སིམ་འཛུལ་གྱི་ནུས་པར་ངོས་འཛིན་འདང་ངེས་མེད་པའི་ཐད་ལ་ད་དུང་ཡར་རྒྱས་གཏང་དགོས་ཀྱི་འདུག།

དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་སྲིད་འཛིན་གཞོན་ལས་ཐོག་སྐུ་ཞབས་ལའེ་ཆིང་ཏེ་ལགས་ཀྱིས་སྤྱི་ཟླ་དང་པོའི་ཚེས་༣ ཉིན་AFPགསར་ཁང་གི་བཅར་འདྲི་དང་ལེན་གནང་སྐབས། ཐེ་ཝན་གྱི་ངོས་ནས་རྒྱ་ནག་གིས་ད་ཐེངས་ཀྱི་འོས་བསྡུར་ཤུགས་རྐྱེན་གཏོང་ཐབས་བྱེད་བཞིན་པར་ཁ་གཏད་འཇལ་རྒྱུ་ཡིན། ཞེས་གསུངས་ཡོད་པ་རེད།

རྒྱ་ནག་དམངས་གཙོའི་འཐབ་ཕྱོགས་ཀྱི་འགན་འཛིན་ཆིང་ཅིན་ལགས་ཀྱིས་སྔོན་མར་ཐེ་ཝན་དུ་སྲིད་འཛིན་འོས་བསྡུར་རྟོག་ཞིབ་ཏུ་ཕེབས་སྐབས་ཀྱི་ཉམས་མྱོང་གསུང་སྐབས་སུ། ཁོང་གིས་ཐེ་ཝན་གྲོང་ཁྱེར་གྱི་དཀྱིལ་ལ་གང་སར་རྒྱ་ནག་དམར་ཤོག་གི་དར་ཆ་དམར་པོ་ལྷབ་ལྷུབ་ཏུ་གཡོ་བ་དང་། དམར་ཤོག་གི་གླུ་གཞས་འ་འུར་ཏུ་གཏོང་བ་སོགས་མཐོང་རྒྱུ་ཡོད་ཀྱང་། ཐེ་ཝན་གཞུང་གི་ངོས་ནས་དེ་ཚོར་ཅི་མི་སྙམ་པའི་རྣམ་འགྱུར་གྱི་ཐོག་ནས་སྣང་མེད་དུ་བཏང་འདུག། ཁོང་གིས་ང་གསལ་པོ་དྲན་གསོས་པ་ཞིག་ལ། ཐེངས་ཤིག་ང་ཚོས་ཐོག་ཁང་༡༠༡ གི་ཉེ་འཁྲིས་སུ། དམར་གླུ་གཏོང་ཞིང་དར་ཆ་དམར་པོ་འཕྱར་མཁན་གྱི་མི་དེ་ཚོ་དང་ཁོ་རྩོད་ཤོར་མྱོང་། སྐབས་དེར་དེ་ཚོའི་ཧམ་པ་དང་སྒྲོབ་ཉམས་དེ་ཧ་ལས་པ་ཞིག་རེད། ཅེས་ཀྱང་གསུངས་འདུག།

ཆིང་ཅིན་ལགས་ཀྱིས་སྐབས་དེར་མཱ་དབྱིང་ཇུའུ་ལགས་ཀྱིས་འཛིན་སྐྱོང་གནང་བཞིན་པའི་སྐབས་རེད། མཱ་དབྱིང་ཇུའུ་ལ་རྒྱ་ནག་གི་ཞེན་ཁོག་ཡོད་པས། རྒྱ་ནག་དམར་ཤོག་གི་སིམ་འཛུལ་ལ་རྐུན་པ་གོ་ཕུག་ཏུ་བཅུག་ངང་ཚུལ་ཞིག་ཡོད་ངེས་ཀྱང་། ད་ཆ་དམངས་གཙོ་ཡར་ཐོན་ཚོགས་པས་གཞུང་འཛིན་གནང་གི་ཡོད་མོད། རྒྱ་ནག་གིས་ཤུགས་རྐྱེན་སྤེལ་ཐབས་ཅི་རིགས་ཤིག་བྱས་དང་བྱེད་མུས་ཀྱི་ཐད་ལ་གོ་རྟོགས་འདང་ངེས་ཤིག་མེད་པ་འདྲ། རྒྱ་ནག་དམར་ཤོག་གིས་ཐབས་བརྒྱ་ཇུས་སྟོང་། སྟོང་གསུམ་གྱི་སྟོང་ཆེན་པོའི་ཐབས་ལམ་ཅི་ཡོད་སྤྱད་ནས་ཐེ་ཝན་ལ་གྲི་འགྲོ་སར་གྲི་དང་འབིགས་འགྲོ་སར་འབིགས་ཀྱིས་ཚད་ཚད་བྱེད་བཞིན་པ་ནི་བློ་འཚབ་སྐྱེ་གཞི་ཞིག་རེད།

གནད་དོན་དེའི་ཐད་རྒྱ་ནག་གི་དཔྱིད་ཀ་ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་ཧྲན་ཞའེ་ལགས་ཀྱིས། སྤྱི་ལོ་༡༩༩༦ ལོ་ནས་བཟུང་ཐེ་ཝན་ནང་སྲིད་འཛིན་ཐད་ཀར་འོས་འདེམས་བྱེད་པའི་ལམ་སྲོལ་བྱུང་བ་རེད། རྒྱ་ནག་དམར་ཤོག་ལ་བློ་ཕམ་ཆེན་པོ་བྱུང་ཡོད་པ་དང་། དེའི་རྗེས་ཐེ་ཝན་གྱིས་རྒྱ་ནག་དམར་ཤོག་གི་དམག་དོན་གྱི་སྡིགས་སྐུལ་བཀག་ཐུབ་ཡོད་པ་དང་། རྒྱལ་སྤྱིའི་ཐོག་གི་གནོན་ཤུགས་སྣ་ཚོགས་ལ་གདོང་ལེན་བྱས་ཐུབ་ཡོད་པར་མ་ཟད། མུ་མཐུད་ནས་དམངས་གཙོའི་ལམ་ལུགས་ཡར་རྒྱས་བཏང་བར་བརྟེན། རྒྱ་ནག་གིས་ངོས་འཛིན་ཁྱབ་ཁོངས་ཀྱི་དམག་འཐབ་དང་། ཚད་མེད་པའི་འཐབ་ཇུས་སོགས་ཐེ་ཝན་གྱི་དམངས་གཙོ་ལ་གཏོར་བཤིག་གཏོང་བའི་ཐབས་ལམ་སྣ་ཚོགས་ཤིག་སྤེལ་དགོས་བྱུང་ཡོད་པ་རེད། ཅེས་དང་། ཡང་དཔེར་ན། རྒྱ་ནག་གིས་མི་སྒེར་པ་རེ་རེར་ཞིབ་འཇུག་བྱས་ཏེ། གང་ཟག་གཅིག་ལ་དུས་ཡུན་རིང་པོར་ཉང་ཞིབ་གཏིང་ཟབ་བྱས་ནས་མི་དེའི་དགོས་མཁོ་དང་། མི་དེའི་རིགས་ཀྱི་གཉོམ་སོ་ནས་བཟུང་སྟེ། དམིགས་ཐེབས་ངེས་བརྟན་ཡོད་ཀྱི་ཐོག་ནས་ཁེ་ཕན་མཁོ་སྤྲོད་བྱེད་པའི་ཐབས་ལམ་འཐེན་ཡོད་པ་རེད། ཅེས་དང་། ཧྲན་ཞའེ་ལགས་ཀྱིས་སིལ་འཛུལ་གྱི་བྱེད་ཐབས་དེ་ཚོར་དོན་ཕན་ལྡན་པ་བྱུང་ཞིང་། ཁྱད་པར་དུ་འོས་བསྡུའི་ཁྲོད་ཨ་རིའི་དོགས་ཟོན་སྨྲ་བའི་བརྗོད་ཚུལ་བྱུང་ཡོད་པ་དང་། དེ་བཞིན་དམག་འཁྲུག་དང་ཞི་བདེ་སྨྲ་བའི་ཤོད་ཚུལ། ཐ་ན་ཐེ་ཝན་གྱི་གཞོན་ནུ་ཚོའི་ནང་ལ་རྒྱ་ནག་དམར་ཤོག་གཞུང་ལ་དོན་དངོས་གནས་ཚུལ་དང་མི་མཐུན་པའི་སྟོང་བསམ་འཆང་མཁན་རིགས་གཅིག་ཀྱང་བྱུང་ཡོད་པ་རེད། ཅེས་གསུངས་འདུག།

ཁོང་མོའི་དགོངས་ཚུལ་ལྟར་ན། ཐེ་ཝན་ནང་ནམ་རྒྱུན་རྒྱ་ནག་དམར་ཤོག་སྲིད་གཞུང་གི་ངོ་བོ་དང་རང་བཞིན་གསལ་པོ་རྟོགས་དགོས་པ་དང་། དེའི་ངོ་བོ་དང་རང་བཞིན་གསལ་པོ་རྟོགས་པ་ཡིན་ན། ད་གཟོད་དམངས་གཙོའི་འོས་བསྡུ་རྩ་བ་ཆེན་པོ་དེའི་ནང་རྒྱ་ནག་དམར་ཤོག་བྱེད་ཐབས་རྙི་ལ་མི་ཚུད་པའི་དགེ་མཚན་ཡོད་པ་རེད།

Your browser doesn’t support HTML5

རྒྱ་གཞུང་ལ་འགོག་རྒོལ་བྱ་རྒྱུ་དེ་ཐེ་ཝན་མི་དམངས་ཡོངས་ཀྱི་འདོད་བློ་གཙོ་བོ་ཆཊ་ཡོད་པ།