ལྕམ་ཧྥེན་སི་ཐན་དམ་པ་མཆོག་དང་བོད་དོན།

ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་དམངས་གཙོ་ཚོགས་པའི་འཐུས་མི་ལྕམ་ཌ་ཡེན་ཧྥེན་སི་ཐན་མཆོག་སྤྱི་ལོ་༢༠༢༣ ལོའི་སྤྱི་ཟླ་༩ པའི་ཚེས་༢༩ ཉིན་དགུང་གྲངས་༩༠ ཡི་ཐོག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོ་བའི་གནས་ཚུལ་ཐོན་ཡོད་ཅིང་། དམ་པ་ཁོང་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཧ་ཅང་ཐུགས་འདྲིས་ཉེ་པོ་ཡོད་མཁན་ཞིག་ཡིན་པར་མ་ཟད། འདས་པའི་མི་ལོ་བཅུ་གྲངས་འགའ་ཤས་རིང་ལ་བོད་རྒྱ་གྲོས་མོལ་གཙོས་པའི་བོད་དོན་ཐད་ལ་རྒྱུན་ཆད་མེད་པར་རྒྱབ་སྐྱོར་དང་མཐུན་འགྱུར་རོགས་རམ་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་རེད།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ལྕམ་ཌ་ཡེན་ཧྥེན་སི་ཐན་མཆོག་སྐུ་ཚེ་མ་ཟིན་པའི་གནས་ཚུལ་གསན་འཕྲལ་༧མགོན་པོ་གང་ཉིད་མཆོག་ནས་ལྕམ་དམ་པ་ཁོང་གི་ཤུལ་ལུས་ནང་མི་ལྟོས་བཅས་ཡོངས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་གནང་མཛད་ཡོད་པའི་ནང་། ལྕམ་ཌ་ཡེན་ཧྥེན་སི་ཐན་མཆོག་གི་སྐུ་ཚེ་ཧྲིལ་པོ་ཨ་རིའི་གཞུང་དམངས་གཉིས་ལ་ཞབས་འདེགས་ཞུས་གནང་བ་དེས་ཁོང་གི་མི་ཚེ་མཐར་འཁྱོལ་བ་ཞིག་དང་དོན་དང་ལྡན་པ་ཞིག་བྱུང་ཡོད་བ་རེད་ཅེས་དང་། ལྕམ་སྐུ་དམ་པ་མཆོག་དང་ཁོང་རྣམ་གཉིས་ནི་དུས་ཡུན་རིང་པོ་ནས་ཐུགས་འདྲིས་དམ་ཟབ་ཡོད་པར་མ་ཟད། རྒྱ་ནག་གི་དཔོན་རིགས་དང་ལྕམ་དམ་པ་ཁོང་སྐུ་སྒེར་གྱི་འབྲེལ་ལམ་གྱི་ཐོག་ནས་བོད་དོན་དཀའ་རྙོག་སེལ་སླད་འབད་བརྩོན་བསྟུད་མར་གནང་བ་སོགས་བོད་དོན་ཐོག་ལ་ཡུན་རིང་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་སོགས་འཁོད་གནང་ཡོད་པ་རེད།

གཞན་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཀྱང་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་ལྕམ་སྐུ་ཌ་ཡེན་ཧྥེན་སི་ཐན་མཆོག་འདས་གྲོངས་སུ་གྱུར་བར་ཐུགས་གསོ་ཞུས་གནང་ཡོད་པ་དང་། ལྕམ་སྐུ་དམ་པ་ཁོང་གི་འཁྲུངས་ཡུལ་ཨ་རིའི་མངའ་སྡེ་ཁ་ལི་ཧྥོ་ནི་ཡ་ནང་གི་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པ་གཉིས་ནས་ཀྱང་དམ་པ་ཁོང་གི་ཆེད་དུ་བོད་ལུགས་ཀྱི་ལམ་ནས་སྨོན་ལམ་གསུང་འདོན་གནང་སྟེ། དམ་པ་ཁོང་སྐུ་ཚེའི་འཕེན་པ་རྫོགས་པར་མྱ་ངན་དང་། ཤུལ་ལུས་ནང་མི་རྣམས་ལ་ཐུགས་གསོ་མཚོན་པ་གནང་འདུག་པར་མ་ཟད། བོད་མི་མང་པོ་ཞིག་གིས་ཀྱང་བློ་ཕམ་དང་འབྲེལ་སོ་སོའི་སྒེར་གྱི་སྤྱི་ཚོགས་དྲྭ་རྒྱའི་བརྒྱུད་ལམ་ཐོག་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་དམ་པ་ཁོང་ལ་མྱ་ངན་ཞུས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

འདི་གའི་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཞིབ་འཇུག་སྡེ་ཚན་གྱི་འགན་འཛིན་བུ་ཆུང་ཚེ་རིང་ལགས་ནས་གསུངས་དོན་དུ། ལྕམ་སྐུ་དམ་པ་ཁོང་གིས་བོད་དོན་སྐོར་ལ་བཞག་པའི་མཛད་རྗེས་ཆེ་ཤོས་གསུམ་སྟེ། ཨ་རིའི་གྲོས་ཚོགས་སུ་བོད་དོན་རྒྱབ་སྐྱོར་ཡོང་ཆེད་སྒྲིག་གཞི་གསར་པ་ཞིག་བཏིང་ཐུབ་ཡོད་པ་དང་། ༢༠༠༢ ལོའི་ཨ་རིའི་བོད་དོན་སྲིད་ཇུས་ཀྱི་ཁྲིམས་ཡིག་འཇོག་དུས་རྐང་འགན་རྒྱབ་སྐྱོར་གནང་བ་དང་། ཨ་རིའི་གྲོས་ཚོགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་རྗེས་ལ་ངོས་འཛིན་གྱིས་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་རྟགས་མ་འབུལ་བཞེས་གནང་རྒྱུའི་གྲོས་ཆོད་བཅས་གཏན་འབེབས་བྱུང་བ། དེ་བཞིན་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོའི་བདེ་སྡུག་ལ་ལྷག་བསམ་གཡོ་བ་མེད་པར་ཐུགས་ཁུར་ཟབ་བཞེས་གནང་བ་བཅས་ཡིན་པ་འགྲེལ་བརྗོད་གནང་སོང་།

དེ་ཡང་བུ་ཆུང་ཚེ་རིང་ལགས་ནས་མུ་མཐུད་ནས་འགྲེལ་བརྗོད་གནང་གསལ་ལ། དམ་པ་ཁོང་ཕྱི་ལོ་ ༡༩༧༨ ལོར་ཁོང་གི་སྐུ་ཟླ་འདས་པོ་རི་ཆར་ཊེ་སྦེ་ལམ་མཆོག་དང་ལྷན་དུ་བཞུགས་སྒར་རྡ་རམ་ས་ལར་ཆེད་བཅར་གྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་ཕྲད་ཐོག་མར་བྱུང་ཡོད་པ་དང་། དེའི་ལོ་ཕྱི་མ་སྟེ། ཕྱི་ལོ་ ༡༩༧༩ ལོར་ལྕམ་སྐུ་དམ་པ་ཁོང་གིས་ཨ་རིའི་མངའ་སྡེ་ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་སན་ཧྥ་རན་སེ་སེ་ཀོ་ཡི་སྤྱི་ཁྱབ་ཀྱི་ཐོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནང་ཐོག་མར་གདན་ཞུ་གནང་། དེ་ནས་བཟུང་ཨ་རིའི་གཞུང་གིས་བོད་དོན་ཁྲིམས་བཟོའི་ཐོག་ལ་ལྕམ་དམ་པ་ཁོང་གིས་ཐུགས་འགན་མུ་མཐུད་བཞེས་གནང་ཡོད་ལ། དམིགས་བསལ་དུ་ལྕམ་དམ་པ་བཟའ་ཚོ་གཉིས་ནས་སྒེར་གྱི་འབྲེལ་ལམ་བརྒྱུད་དེ་རྒྱ་ནག་གཞུང་དང་དེའི་ཚེ་དེའི་དུས་ཀྱི་རྒྱ་ནག་གི་འགོ་ཁྲིད་ཅང་ཙེ་མིང་གཙོས་པའི་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ལ་ཕྱག་བྲིས་བརྒྱུད་བོད་རྒྱ་འབྲེལ་མོལ་དགོས་པའི་བརྒྱུད་སྐུལ་ལན་མང་གནང་སྟེ་བོད་རྒྱ་གྲོས་མོལ་ཐེངས་འགའ་ཤས་བྱུང་ཐུབ་ཡོད་པ་རེད་འདུག

ད་ལྟའི་ཆར་གྲོས་ཚོགས་ནང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་འཐུས་མི་དང་འཐུས་མི་གཞན་ཚོ་ལ་བོད་དོན་སྐོར་ལ་དོ་སྣང་ཡོང་རྒྱུའི་ཐད་ནས་ལྕམ་སྐུ་དམ་པ་མཆོག་གིས་མིག་དཔེ་བཟང་པོ་ཞིག་བསྟན་ཡོད་པ་དང་། བཙན་བྱོལ་ནང་གི་བོད་མི་ཚོས་ཀྱང་སོ་སོའི་ཐབས་དང་ཤེས་རབ་ལ་བརྟེན་ནས་ད་ལྟ་ཨ་རིའི་གཞུང་དང་གྲོས་ཚོགས་ཀྱིས་བོད་དོན་སྐོར་ལ་རྒྱབ་སྐྱོར་གནང་མུས་ཡིན་པ་དེ་བཞིན་མུ་མཐུད་ནས་ཡར་རྒྱས་གཏང་དགོས་རྒྱུ་གལ་འགངས་ཆེན་པོ་ཡིན་པ་གསུངས་གནང་འདུག

ལྕམ་ཌ་ཡེན་ཧྥེན་སི་ཐན་དམ་པ་མཆོག་ནི་ཕྱི་ལོ་ ༡༩༩༢ ལོར་ཨ་རི་མངའ་སྡེ་ཁ་ལི་ཧྥོར་ནི་ཡ་ནས་ཨ་རིའི་གྲོས་ཚོགས་གོང་མའི་ནང་བུད་མེད་གྲོས་ཚོགས་འཐུས་མིར་བཞེངས་མཁན་ཐོག་མ་དེ་ཡིན་པར་མ་ཟད། ཨ་རིའི་མངའ་སྡེ་ཡོངས་ནས་གྲོས་ཚོགས་གོང་མའི་ནང་བུད་མེད་ཅིག་གིས་གྲོས་ཚོགས་འཐུས་མི་དུས་ཡུན་རིང་ཤོས་གནང་མཁན་ཡང་ཆགས་ཡོད་ཅིང་། ད་རེས་ཨ་རིའི་སྲིད་འཛིན་བྷ་ཌན་མཆོག་གིས་ལྕམ་སྐུ་དམ་པ་ཁོང་ནི་ལོ་རྒྱུས་རང་བཞིན་ལྡན་པའི་མི་སྣ་ཞིག་དང་གྲོགས་པོ་རླབས་པོ་ཆེ་ཞིག་དང་། ལྷག་པར་དུ་བུད་མེད་ཚོ་ལ་སྲིད་དོན་གྱི་ཕྱག་ལས་གནང་ཕྱོགས་ཐད་ལམ་སྟོན་སྒྲོན་མེ་ལྟ་བུའི་ནུས་པ་བཟང་པོ་ཐོན་ཡོད་ཅེས་རྗེས་དྲན་དང་བསྔགས་བརྗོད་གནང་འདུག

Your browser doesn’t support HTML5

ལྕམ་ཌ་ཡེན་ཧྥེན་སི་ཐན་དམ་པ་མཆོག་གི་བོད་དོན་སྐོར་གྱི་མཛད་རྗེས།