ཕུ་ཊིན་གྱིས་བཙན་འཛུལ་འགོག་མ་ཐུབ་པར་རྒྱལ་ནང་དུ་རྒྱབ་སྐྱོར་ཉམས་སྲིད།

ཕུ་ཊིན་གྱིས་བཙན་འཛུལ་འགོག་མ་ཐུབ་པར་རྒྱལ་ནང་དུ་རྒྱབ་སྐྱོར་ཉམས་སྲིད།

༄༅།། ཡུཀ་རེན་གྱིས་ར་ཤི་ཡའི་ཀོར་སི་ཀ་མངའ་ཁུལ་དུ་བཙན་འཛུལ་བྱས་ནས་བདུན་ཕྲག་གཉིས་ལྷག་ཕྱིན་ཡོད་ཅིང་། ཕུ་ཊིན་གྱིས་འཕྲལ་དུ་ཡུཀ་རེན་གྱི་བཙན་འཛུལ་འགོག་མ་ཐུབ་པར་རྒྱལ་ནང་དུ་རྒྱབ་སྐྱོར་བ་ཉམས་སྲིད་པའི་ཉེན་ཁ་ཆེ། ཕྱི་ཟླ་༨་པའི་ཚེས་༢༡་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཀོར་སི་ཀ་མངའ་ཁུལ་དུ་བཙན་འཛུལ་བྱུང་ནས་ར་ཤི་ཡའི་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་༡༢༦༣་དང་གཞིས་གྲོང་༩༣་ཡུཀ་རེན་ལ་ཤོར། མངའ་ཁུལ་གྱི་ཟམ་ཆེན་གསུམ་ལ་ཡུཀ་རེན་གྱིས་འཕུར་མདེལ་བརྒྱབ་ནས་གཏོར། མདང་དགོང་ཡུཀ་རེན་གྱིས་ཁ་ལོ་བ་མེད་པའི་འཕུར་གྲུ་༡༡་བཏང་ནས་ར་ཤི་ཡའི་རྒྱལ་ས་མོ་སི་ཀོར་རྒོལ་རྡུང་བྱུང་། འཕུར་གྲུ་དེ་རྣམས་བར་སྣང་དུ་གཏོར་ཏེ་མི་དང་ཁང་པ་སོགས་ལ་གནོད་སྐྱོན་ཕོག་མེད་ཀྱང་ར་ཤི་ཡར་འཁྲུག་རྩོད་སློང་མི་ཉན་ཞེས་སྐྲག་དགོས་པའི་ལྟ་སྟངས་དེ་རྨེག་མེད་དུ་བཅོམ།།

ན་ནིང་གི་ད་ཚོད་འདིར་ཕུ་ཊིན་ཀོར་སི་ཀ་མངའ་ཁུལ་དུ་ཕྱིན་ནས་ཨུ་རུ་སུར་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་རྒྱལ་ཁབ་ཐོབ་ནས་ལོ་༨༠་འཁོར་བའི་དུས་དྲན་ལ་ཞུགས། ད་ལོ་༡༩༤༣་ལོར་ཀོར་སི་ཀ་མངའ་ཁུལ་དུ་འཇར་མན་ནཱ་ཛིའི་དམག་གིས་བཙན་འཛུལ་བྱུང་ནས་ལོ་༨༡་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་དགོས་ཀྱང་མངའ་ཁུལ་དེར་ཡུཀ་རེན་གྱིས་བཙན་འཛུལ་བྱས་ནས་མི་མང་དཀྱུས་མ་འབུམ་༡་དང་ཁྲི་ཚོ་འགའ་ཉེན་བྱོལ་དུ་བྲོས། ཕུ་ཊིན་དང་ར་ཤི་ཡའི་མཐོ་རིམ་འགོ་ཁྲིད་ཚོས་ཀོར་སི་ཀ་མངའ་ཁུལ་ལ་བཙན་འཛུལ་བྱུང་བར་དོན་རྐྱེན་དང་འཁྲུག་རྩོད་ཅེས་བཀྲལ། ར་ཤི་ཡའི་གཞུང་གཉེར་གསར་འགྱུར་ལས་ཁང་ཁག་གིས་ཀྱང་གནས་ཚུལ་ངོ་མ་བསྒྲགས་མ་ཕོད་པར་ཕུ་ཊིན་གྱི་བཤད་རྗེས་སུ་འབྲངས། འདས་པའི་ལོ་༢༤་ལ་སྲིད་དབང་བཟུང་བའི་རིང་དེར་ཕུ་ཊིན་གྱིས་རང་ཉིད་ར་ཤི་ཡའི་བདེ་འཇགས་སྲུང་སྐྱོབ་དང་ཞི་བདེ་བརྟན་ལྷིང་འགན་ལེན་བྱེད་ཐུབ་པའི་མི་འབའ་ཞིག་དེ་ཡིན་པའི་རྣམ་པ་བསྟན།།

ཕུ་ཊིན་གྱིས་རང་གི་ཁ་གཏད་པ་ཚོ་བཙོན་དུ་བཅུག་ནས་ལྐོག་ཏུ་བསད། མཐོ་རིམ་འགོ་ཁྲིད་ཁག་ཅིག་གོ་གནས་ཕབ་པ་དང་ཕྱུག་བདག་ཁ་ཤས་ཀྱི་མཁར་རྗེ་དབང་ཐང་རྣམས་གཞུང་བཞེས་བཏང་ནས་མགོ་བོ་མནན། ཡུཀ་རེན་གྱི་དམག་འཁྲུག་ལ་ངོ་རྒོལ་བྱེད་མཁན་ཚོར་ལོ་༡༥་རེའི་ཁྲིམས་ཐག་བཅད། འཇར་མན་ཎིའི་རྒྱལ་ས་བྷར་ལིན་གྱི་ར་ཤི་ཡ་དང་ཡུ་རེ་ཤི་ཡ་ལྟེ་གནས་ཀྱི་ཉམས་ཞིབ་པ་ཤུལ་མན་(Ekaterina Schulmann)་གྱིས་བཤད་པ་ལྟར་ན། ཕུ་ཊིན་གྱིས་ཉིན་མཚན་ཟུང་ལ་ཀོར་སི་ཀ་མངའ་ཁུལ་དུ་བཙན་འཛུལ་བྱུང་བར་འགོག་རྒོལ་མ་བྱས་པར་བཞག་ན་ཁེ་ཕན་ཡོད་མེད་རྩིས་རྒྱག་གི་ཡོད་པ་རེད། ཁོ་པས་མང་ཚོགས་ལ་འགྲེལ་བཤད་རྒྱག་མ་ཤེས་པར་བསྡད་ཡོད་པའི་རྣམ་པ་ཞིག་མངོན། ཡུཀ་རེན་གྱི་དམག་འཁྲུག་རྗེས་སུ་ཕུ་ཊིན་གྱི་ནང་འཁོར་ཏེ། སྲིད་གཞུང་གི་ལས་སྣེ་ཁག་དང་དམག་དཔོན་ཁག ཚོང་པ་ཆེ་ཁག་གི་གནས་སྟངས་སྡུག་ཏུ་སོང་། ཁོ་ཚོས་ཕུ་ཊིན་ལ་མུ་མཐུད་དུ་རྒྱབ་སྐྱོར་བྱས་ན་བཟང་ངམ། ཡང་ན་ཁོ་པ་རྡོག་ཁྲེས་ཤིག་ཡིན་མིན་བསམ་ཞིབ་བྱེད་ཀྱི་ཡོད་ཤས་ཆེ་ཞེས་བཤད།།

༢༠༢༣་ལོའི་ཕྱི་ཟླ་༦་པའི་ནང་ར་ཤི་ཡའི་གླས་དམག་གི་འགོ་ཁྲིད་ཡེབ་གྷེ་ཎི་པ་རི་གྷོ་ཤིན་ནས་གྱེན་ལོག་བྱས་པའི་དུས་སུའང་ཕུ་ཊིན་གྱིས་འགོག་རྒོལ་ནན་པོ་ཞིག་བྱ་མ་ཐུབ། ཟླ་བ་གཅིག་གི་རྗེས་སུ་པ་རི་གྷོ་ཤིན་གནམ་གྲུ་བརྡབས་ནས་ཤི། ཕུ་ཊིན་གྱིས་ཀོར་སི་ཀ་མངའ་ཁུལ་དུ་བཙན་འཛུལ་བྱུང་བ་ཛ་དྲག་ཅིག་མིན་པའི་རྣམ་པ་སྟོན་པར་ཨ་ཛར་བྷ་ཇེན་ལ་འཚམས་འདྲིར་བསྐྱོད། ཉམས་ཞིབ་པ་ཤུལ་མན་གྱིས་ར་ཤི་ཡའི་ནང་ཁུལ་དུ་གྱེན་ལོག་ལང་ཐུབ་ཀྱི་མེད་པ་དང་གསར་འགྱུར་ལས་ཁུངས་ཁག་རྦད་དེ་ཕུ་ཊིན་གྱི་དབང་བསྒྱུར་འོག་ཏུ་ཚུད། དེས་ན་ཕུ་ཊིན་གྱིས་ཀོར་སི་ཀ་མངའ་ཁུལ་དུ་བཙན་འཛུལ་བྱུང་བ་སྣང་མེད་དུ་བསྐྱུར་ས་རེད་ཅེས་དཔྱད་བརྗོད་སྤེལ། ཁར་ཎི་གྷི་ཞིབ་འཇུག་ཁང་གི་ར་ཤི་ཡ་དང་ཡུ་རེ་ཤི་ཡའི་ལྟེ་གནས་ཀྱི་འགན་འཛིན་ཡུ་ཇིན་རུ་མེར་(Eugene Rumer)་གྱིས་ཕུ་ཊིན་ངོ་གནོང་དགོས་པ་ཞིག་ཏུ་གྱུར་ཀྱང་སྲིད་དབང་ཉམས་མི་སྲིད། ར་ཤི་ཡའི་དམག་དང་སྲིད་ཀྱི་འགོ་ཁྲིད་ཚང་མ་བཙན་འཛུལ་དམག་འཁྲུག་དེར་འབྲེལ་བ་ཡོད་པ་རེད་ཅེས་བཤད་འདུག

ཕུ་ཊིན་གྱི་བློས་ཐུབ་གྲོགས་པོ་སར་གྷེ་ཆེ་མེ་ཛོབ་

ཕྱི་ཟླ་༨་པའི་ཚེས་༢༡་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕུ་ཊིན་གྱི་བློས་ཐུབ་གྲོགས་པོ་སར་གྷེ་ཆེ་མེ་ཛོབ་(Sergei Chemezov)་ཀྱིས་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་རྒྱབ་སྐྱོར་བྱས་ནས་ར་ཤི་ཡར་རྒོལ་རྡུང་མུ་མཐུད་དུ་བྱས་ན་འཛམ་གླིང་ཡོངས་སུ་དམག་འཁྲུག་ཆེན་པོ་ཞིག་ལང་ཉེན་འདུག ཀོར་སི་ཀ་མངའ་ཁུལ་དུ་བཙན་འཛུལ་བྱུང་བར་འོས་ཤིང་འཚམས་པའི་ལན་ཞིག་སློག་ངེས་རེད་ཅེས་ཞིབ་འགྲེལ་མེད་པར་སྡིགས་ར་བསྐུལ། ཆེ་མེ་ཛོབ་ཀྱི་བཟོ་ཚོང་ལས་ཁང་གིས་ར་ཤི་ཡའི་དམག་འཁྲུག་ལ་མཁོ་བའི་མཚོན་ཆ་བཟོ་སྐྲུན་གྱི་འགན་བླངས། ཁོ་པས་ར་ཤི་ཡར་ཉུང་མཐར་ཡང་མ་འོངས་པའི་ལོ་གཉིས་ལ་མཚོན་ཆ་འདང་ངེས་ཡོད། ཨ་མི་རི་ཀས་འགོ་ཁྲིད་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ར་ཤི་ཡར་འཁྲུག་རྩོད་བསླངས་ན་ང་ཚོས་དེ་ལ་ངེས་པར་དུ་གྲ་སྒྲིག་བྱ་དགོས། ཡུཀ་རེན་གྱི་དམག་འཁྲུག་འདི་ཅི་ཙམ་ཡུན་བསྲིངས་ན་འཛམ་གླིང་གི་དམག་འཁྲུག་ཆེན་པོ་ཞིག་ཏུ་འགྱུར་རྒྱུའི་ཉེན་ཁ་ཇེ་ཆེ་རེད་ཅེས་གསར་འགོད་པར་ལན་བཏབ།།

ལོ་ན་༧༡་ལ་སོན་པའི་སར་གྷེ་ཆེ་མེ་ཛོབ་ནི་ཨུ་རུ་སུའི་ཁེ་ཇཱི་བྷི་གསང་བའི་ལས་ཁུངས་ཀྱི་སྤྱི་ཁྱབ་ཟུར་པ་ཞིག་ཡིན་པར་མ་ཟད། སྔོན་ཆད་ཕུ་ཊིན་དང་མཉམ་དུ་ཤར་འཇར་མན་ཎིའི་ས་ཐོག་ཏུ་གསང་ཉུལ་གྱི་ལས་དོན་བསྒྲུབས། ཁོ་པ་ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ་གྱི་ཉེས་ཆད་གཅོད་ཡུལ་ཐོ་གཞུང་ནག་པོའི་ནང་དུ་འཁོད། ཆེ་མེ་ཛོབ་ཀྱིས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ར་ཤི་ཡར་དཔལ་འབྱོར་དང་ཚོང་ལས་ཀྱི་ཉེས་ཆད་བཅད་ནས་འཆའ་སྒམ་ནང་དུ་ཟས་རིགས་བཙོང་རྒྱུ་མི་འདུག་ཅེས་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་ནི་འུར་གཏམ་འབའ་ཞིག་རེད། ཁྱེད་ཚོ་དངོས་སུ་སོང་ནས་ལྟོས་ཤིག ར་ཤི་ཡའི་ཚོང་ཁང་ཁག་ཏུ་བཙོང་རྒྱུ་མེད་པ་ཅི་ཡང་མེད། ང་ཚོས་མཚོན་ཆ་བཟོ་སྐྲུན་མང་དུ་བཏང་ཡོད་པ་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་འོག་ནས་ཐར་ཡོད། ང་ཚོའི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་བྱེད་མཁན་བང་བསྒྲིགས་ནས་བསྡད་ཡོད་ཅེས་བསྒྲགས།།

ཨི་ཛི་ཝེ་སི་ཊི་ཡ་ཉིན་རེའི་ཚགས་པར་ནང་དུ་ར་ཤི་ཡའི་གསང་བའི་ལས་ཁུངས་ཀྱིས་ཨ་མི་རི་ཀ་དང་དབྱིན་ཇི། པོ་ལན་ཌིའི་གསང་བའི་ལས་ཁུངས་གསུམ་མཉམ་འབྲེལ་གྲོས་སྡུར་བྱས་ནས་ཡུཀ་རེན་གྱི་དམག་ལ་ར་ཤི་ཡའི་ཀོར་སི་ཀ་མངའ་ཁུལ་ལ་བཙན་འཛུལ་བྱེད་དུ་བཅུག་པའི་དཔང་རྟགས་ཁུངས་བཙན་ཡོད། ཀོར་སི་ཀ་མངའ་ཁུལ་དུ་བཙན་འཛུལ་བྱེད་མཁན་ཡུཀ་རེན་གྱི་དཔུང་སྡེ་དེར་དབྱིན་ཡུལ་དང་འཇར་མན་ཎིའི་ས་ཐོག་ཏུ་དམག་སྦྱོང་ཐོབ་འདུག་ཅེས་བཤད་པའི་སྐད་ཆ་ལུང་འདྲེན་བྱས་ནས་གསར་འགྱུར་སྤེལ། ཨ་རིའི་ཕོ་བྲང་དཀར་པོས་ཡུཀ་རེན་གྱིས་ར་ཤི་ཡའི་ཀོར་སི་ཀ་མངའ་ཁུལ་དུ་དཔུང་འཇུག་བྱ་འཆར་ཡོད་པ་སྔོན་ནས་ཤེས་རྟོགས་བྱུང་མེད་ཅེས་དག་སྐྱེལ་ཞུས། ཕུ་ཊིན་གྱིས་ཀོར་སི་ཀ་མངའ་ཁུལ་དུ་བཙན་འཛུལ་བྱེད་མཁན་ཡུཀ་རེན་གྱི་དམག་དཔུང་མཐར་སྐྲོད་བཏང་ཡོད་ཅེས་བཤད་ཀྱང་དོན་དངོས་སུ་དེ་ལྟར་མིན་པ་ར་འཕྲོད། ར་ཤི་ཡའི་མཐའ་མཚམས་སྲུང་དམག་གིས་ཡུཀ་རེན་ལ་མགོ་སྒུར་གྱི་ཡོད་པའི་བརྙན་ཐུང་རྣམས་དྲྭ་ལམ་དུ་ཁྱབ།།

ཕྱི་ཟླ་༨་པའི་ཚེས་༡༩་ཉིན་ཧྥོབ་གསར་ཁང་གིས་ཡུ་རེ་ཤི་ཡ་དམངས་གཙོའི་ལས་འགུལ་ཁང་གི་ཉམས་ཞིབ་པ་ཛལ་མ་ཡེབ་(Peter Zalmayev)་ལ་བཅར་འདྲི་ཞུས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་གྱིས་ཕར་རྒོལ་བྱས་ནས་དམག་འཁྲུག་གི་མཚན་ཉིད་ལ་འགྱུར་བ་ཐེབས་པ་རེད། ད་ལྟའི་བར་དུ་ཡུཀ་རེན་གྱིས་རང་སྲུང་བྱས་པ་དང་རང་སྲུང་ཁོ་ན་བྱས་ན་རྒྱབ་སྐྱོར་བ་ཚོའི་ཡིད་ལ་འཐད་དཀའ། ཕར་རྒོལ་བྱས་ནས་རྒྱལ་ཁ་བླངས་ན་ཡུཀ་རེན་གྱི་དམག་ལ་དཔའ་སྟོབས་རྒྱས་དང་མི་དམངས་རྣམས་ཡིད་ཞུམ་མི་དགོས་ཤིང་། དེ་བཞིན་ར་ཤི་ཡ་ཡང་གཏན་ནས་ངོ་ཡ་མེད་པ་ཞིག་མིན་གསལ་སྟོན་ཐུབ་པ་རེད་ཟེར། ཉམས་ཞིབ་པ་ཚོས་ཕུ་ཊིན་གྱིས་ར་ཤི་ཡའི་ཀོར་སི་ཀ་མངའ་ཁུལ་དུ་ཡུཀ་རེན་གྱིས་བཙན་འཛུལ་བྱས་པ་ཐོས་མ་ཐག་ཏུ་གདོང་མདོག་འགྱུར་ཏེ་ཅི་བྱ་གཏོལ་མེད་དུ་གྱུར་པ་རེད། ད་ནི་ར་ཤི་ཡའི་མི་དམངས་ཀྱིས་ཀྱང་དམག་འཁྲུག་གི་གདུག་རྩུབ་མྱོང་དགོས་བྱུང་བ་རེད་འགྲེལ་བརྗོད་བྱས་འདུག