༄༅།། རྒྱ་ནག་པ་༡༦༢༠༠་ལྷག་གིས་ཡུལ་སྒོར་སྤྲོ་འཆམ་གྱི་ཐོངས་མཆན་ཞུས་ཧྥི་ལི་ཕིན་ལ་འབྱོར་བའི་རྗེས་སུ་རིམ་གྱིས་སློབ་ཕྲུག་གི་ཐོངས་མཆན་ལ་བསྒྱུར། ཕྱི་ཟླ་༥་པའི་ཚེས་༡༤་ཉིན་ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཉམས་ཞིབ་པ་ཚོས་རྒྱ་ནག་གི་སློབ་ཕྲུག་དེ་དག་གི་གྲས་སུ་པེ་ཅིང་གི་དམར་ཤོག་སྲིད་གཞུང་གིས་བཏང་བའི་གསང་ཉུལ་ཡོད་སྲིད་ཅེས་དོགས་པ་བསླངས། ཧྥི་ལི་ཕིན་གྱི་བདེ་འཇགས་དང་གསང་བའི་ལས་ཁུངས་ཁག་གིས་རྒྱ་ནག་གི་སློབ་ཕྲུག་ཚོའི་རྒྱབ་ལྗོངས་ལ་བརྟག་དཔྱད་བྱ་རྒྱུ་ཤུགས་ཆེ་རུ་སོང་། ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་ཐོག་ཏུ་ཧྥི་ལི་ཕིན་དང་རྒྱ་ནག་གཉིས་འགལ་ཟླ་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར་རྒྱ་ནག་པ་སྟོང་ཕྲག་མང་པོ་ཕྱི་རྒྱལ་བའི་སློབ་ཕྲུག་གྲས་སུ་ཧྥི་ལི་ཕིན་ལ་ཡོང་ནས་སློབ་ཆེན་ཁག་ཏུ་ཞུགས། རྒྱ་ནག་གི་སློབ་ཕྲུག་ནང་དུ་དམར་ཤོག་སྲིད་གཞུང་གི་གསང་ཉུལ་ཡོད་སྲིད། ཁོ་ཚོས་རྒྱ་ནག་གི་ཁེ་ཕན་བསྒྲུབས་ནས་ཧྥི་ལི་ཕིན་གྱི་བདེ་འཇགས་ལ་ཉེན་ཁ་འཕྲད་དུ་འཇུག་ངེས་རེད་ཅེས་ཉེན་བརྡ་བཏང་འདུག
ཁ་སང་གཟའ་ཟླ་བའི་ཉིན་ཧྥི་ལི་ཕིན་གྱི་ཕྱི་མི་གཞིས་ཆགས་ལས་ཁུངས་ཀྱིས་སྔ་ལོ་ཕྱི་རྒྱལ་བ་༢༤༡༨༩་ཡིས་ཡུལ་སྐོར་སྤྲོ་འཆམ་པའི་ཐོངས་མཆན་ཞུས་ནས་ཧྥི་ལི་ཕིན་དུ་ལྷགས། ཁོ་ཚོས་ཡུལ་སྐོར་སྤྲོ་འཆམ་པའི་ཐོངས་མཆན་དེ་སློབ་ཕྲུག་གི་ཐོངས་མཆན་ལ་བསྒྱུར། ཕྱི་རྒྱལ་བ་དེ་དག་གི་ཁོངས་སུ་རྒྱ་ནག་པ་༡༦༢༠༠་ལྷག་འདུག སྲིད་འཛིན་མར་ཀོ་སི་ཆུང་བས་ཕྱི་རྒྱལ་བ་ཚོས་ཧྥི་ལི་ཕིན་གྱི་ཡུལ་སྐོར་སྤྲོ་འཆམ་པའི་ཐོངས་མཆན་རྣམས་སློབ་ཕྲུག་གི་ཐོངས་མཆན་ལ་བསྒྱུར་མི་ཆོག་པའི་ཐག་གཅོད་བྱ་དགོས་ཞེས་ནན་གྱིས་བསྐུལ། སུ་རི་གའོ་ཌེལ་ནོར་ཊེ་ཞིང་ཆེན་གྱི་རྫོང་ཁག་གཉིས་པའི་འགོ་ཁྲིད་རོ་བྷར་ཊི་ཨེ་སི་བྷར་བྷར་སིས་(Robert Ace Barbers)་ང་ཚོར་ཡུལ་སྐོར་སྤྲོ་འཆམ་པ་ཡོང་དུ་འཇུག་འདོད་ཡོད། ཁོ་ཚོས་མ་རྩ་བཙུགས་ནས་ཚོང་ལས་གཉེར། ཕྱི་རྒྱལ་བ་ཚོ་སློབ་སྦྱོང་བྱེད་དུ་ཡོང་ན་དགའ་བསུ་ཡོད། ཡིན་ནའང་ཧྥི་ལིན་ཕིན་གྱི་ནུབ་ཕྱོགས་མཚོ་ཁོངས་ཀྱི་བདག་དབང་ལ་ཉེན་ཁ་ཞིག་འཕྲད་ཀྱི་འདུག རྒྱ་ནག་གི་སློབ་ཕྲུག་ཧ་ཅང་མང་པོ་ཡོང་གི་ཡོད་པ་ནི་བློ་འཚབ་སྐྱེ་དགོས་པ་ཞིག་རེད་ཅེས་རྒྱལ་ཡོངས་བརྙན་འཕྲིན་ཐོག་ཏུ་གླེང་།།
༢༠༠༠་ལོར་ཧྥི་ལི་ཕིན་གྱི་སྲིད་འཛིན་ཨེ་སི་ཊ་ར་ཌས་རྒྱལ་ཁབ་དེར་ཡུལ་སྐོར་སྤྲོ་འཆམ་པའི་ཐོངས་མཆན་ཞུས་ནས་འབྱོར་བ་ཚོས་སློབ་ཕྲུག་གི་ཐོངས་མཆན་ལ་བསྒྱུར་ཆོག་པའི་སྲིད་འཛིན་གྱི་བཀའ་རྒྱ་ཞིག་བཀྲམ། སྐབས་དེར་ཧྥི་ལི་ཕིན་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་སློབ་ཡོན་ལྟེ་གནས་ཤིག་ཏུ་བསྒྱུར་རྒྱུའི་ཐབས་སུ་འབད། རྫོང་དཔོན་བྷར་བྷར་སི་སོགས་ཀྱིས་སྲིད་འཛིན་གྱི་བཀའ་རྒྱ་ཞིག་གིས་ཧྥི་ལི་ཕིན་གྱི་ཐོངས་མཆན་སྤྲོད་ཕྱོགས་ལ་འགྱུར་བ་བཏང་ན་འོས་འཚམས་མ་རེད། སློབ་ཕྲུག་ཚོར་ཐོངས་མཆན་སྤྲོད་དགོས་མིན་དེ་ཧྥི་ལི་ཕིན་གྱི་ཕྱི་སྲིད་ལྷན་ཁང་གིས་ཞིབ་འཇུག་བྱས་ནས་ཐག་གཅོས་བྱ་དགོས། རྒྱ་ནག་དང་ཧྥི་ལི་ཕིན་གྱི་འབྲེལ་བ་ནི་ཛ་དྲག་ཅན་ཞིག་ཏུ་གྱུར་ཡོད་པས་རྒྱ་ནག་པ་༡༦༢༠༠་ཐམ་པར་སློབ་ཕྲུག་གི་ཐོངས་མཆན་སྤྲད་པ་ནོར་འཁྲུལ་རེད། ང་ཚོས་རྒྱ་ནག་ལ་དོགས་ཟོན་བྱ་དགོས་ཀྱི་འདུག་ཅེས་རྩོད་པ་འཕངས།།
ཧྥི་ལི་ཕིན་གྱི་ཕྱི་མི་གཞིས་ཆགས་ལས་ཁུངས་ཀྱི་སྤྱི་ཁྱབ་ནོར་མན་ཊན་སིང་ཀོས་ང་ཚོས་སློབ་ཕྲུག་གི་ཐོངས་མཆན་སྤྲད་པའི་ཕྱི་རྒྱལ་བ་དེ་དག་གི་རྒྱབ་ལྗོངས་དང་གཞི་གྲངས། ཁོ་ཚོས་ཁྲིམས་འགལ་དང་དོགས་ཟོན་བྱ་དགོས་པའི་ལས་འགུལ་སྤེལ་གྱི་ཡོད་མེད་ཐད་ཧྥི་ལིན་ཕིན་གྱི་འབྲེལ་ཡོད་བདེ་འཇགས་ཚན་པ་ཁག་ལ་ཞིབ་འཇུག་བྱེད་དུ་འཇུག་གི་ཡོད། དེང་སྐབས་ང་ཚོའི་བདེ་འཇགས་ལ་ཉེན་ཁ་གསར་པ་ཞིག་འཕྲད་བཞིན་ཡོད་པས་སློབ་ཕྲུག་གི་ཐོངས་མཆན་སྤྲད་པའི་ཕྱི་རྒྱལ་བ་ཚོར་ཧྥི་ལི་ཕིན་གྱི་ཕྱི་མི་གཞིས་ཆགས་ལས་ཁུངས་དང་བདེ་འཇགས་ཚན་པ་ཁག་མཉམ་འབྲེལ་གྱིས་ཞིབ་འཇུག་བྱ་དགོས་པའི་འབོད་སྐུལ་བསྐྱར་དུ་ཞུས་ཡོད་ཅེས་བཀྲལ། རྒྱ་ནག་གི་སློབ་ཕྲུག་འབུམ་ཕྲག་མང་པོ་ཕྱིའི་རྒྱལ་ཁབ་ཁག་ཏུ་སློབ་སྦྱོང་ལ་སྐྱོད་ཀྱི་ཡོད་པ་སྟེ། ༢༠༢༢་ལོར་ཨ་རིས་སློབ་ཆེན་ཁག་གིས་རྒྱ་ནག་གི་སློབ་ཕྲུག་༢༨༩༥༢༦་ལ་ཐོངས་མཆན་སྤྲད། མ་ལེ་ཤི་ཡས་རྒྱ་ནག་གི་སློབ་ཕྲུག་༡༣༠༠༠༠་དང་ཐེ་ལན་ཌིས་རྒྱ་ནག་གི་སློབ་ཕྲུག་༢༠༠༠༠་ལ་ཐོངས་མཆན་སྤྲད་འདུག
ཧྥི་ལི་ཕིན་གྱི་ཨ་ཊེ་ནེ་འོ་ཌ་ཝའོ་སློབ་གྲྭ་ཆེན་མོའི་སྲིད་དོན་ཚན་རིག་དང་ལོ་རྒྱུས་སྡེ་ཚན་གྱི་འགན་འཛིན་ར་མོན་བྷེ་ལེ་ནོ་གསུམ་པས་(Ramon Beleno III)་རྒྱ་ནག་གི་སློབ་ཕྲུག་དེ་རྣམས་གསང་ཉུལ་ཡིན་ནམ། ཡང་ན་སློབ་ཕྲུག་ཡིན་ཧྥི་ལི་ཕིན་གྱི་གཞུང་གིས་ཞིབ་འཇུག་བྱ་དགོས། རྒྱ་ནག་གི་སློབ་ཕྲུག་ཚོས་དྲྭ་ལམ་དུ་སློབ་སྦྱོང་བྱེད་ཀྱི་ཡོད་ན་ཧྥི་ལི་ཕིན་ལ་ཡོང་དགོས་དོན་མི་འདུག སློབ་ཕྲུག་གི་ཐོངས་མཆན་ཞུས་ནས་འཛིན་གྲྭར་ཡོང་གི་མེད་པ་ཚོས་ཅི་ཞིག་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གི་གསང་ཉུལ་ཞིག་ཏུ་འགྱུར་བར་སྦྱོང་བརྡར་ཅི་ཞིག་ཐོབ་དགོས་པ་ངས་ཤེས་ཀྱི་མེད། རྒྱ་ནག་གི་སློབ་ཕྲུག་དེ་ཚོ་རང་ཡུལ་དུ་ཕྱིར་ལོག་མ་བྱས་པ་དང་ཧྥི་ལི་ཕིན་གྱི་སྲིད་གཞུང་གི་ནང་དུ་སིམ་འཛུལ་བྱུང་། གལ་སྲིད་རྒྱ་ནག་གི་སློབ་ཕྲུག་དེ་ཚོར་གསང་ཉུལ་གྱི་སྦྱོང་བརྡར་ཐོབ་ཡོད་ན་ང་ཚོས་བློ་འཚབ་བྱ་དགོས་པ་ཞིག་རེད་ཅེས་ཉེན་བརྡ་བཏང་འདུག
ཧྥི་ལི་ཕིན་གྱི་རྒྱལ་ས་མ་ནི་ལར་ཡོད་པའི་ཁྲིམས་ལུགས་སློབ་གྲྭ་ཆེན་མོའི་སྲིད་དོན་ཉམས་ཞིབ་སློབ་དཔོན་ཨེ་ཌི་མུན་ཌི་ཏ་ཡོས་(Edmund Tayao)་གསང་བའི་ལས་ཁུངས་ཁག་གིས་དེ་ལ་གདོང་ལེན་ནན་པོ་བྱ་དགོས། ཧྥི་ལི་ཕིན་ལ་རྒྱལ་ཁབ་འདྲ་མིན་ཞིག་གི་སློབ་ཕྲུག་ཚོ་སློབ་སྦྱོང་དུ་ཡོང་རྒྱུར་དགའ་མོས་འདུག རྒྱ་ནག་གི་སློབ་ཕྲུག་ཚོ་གཞན་དང་མ་འདྲ་བ་ཞིག་ཡིན་པས་ང་ཚོས་དེ་ལ་ལྟ་སྟངས་མ་འདྲ་བ་ཞིག་འཛིན་དགོས། ད་སྟེ་གནད་དོན་དེ་བྱུང་ཟིན་པ་དང་ང་ཚོས་གནོད་སྐྱོན་འགོག་ཐབས་ཁོ་ན་བྱེད་ཀྱི་ཡོད་པ་རེད། ཧྥི་ལི་ཕིན་གྱི་བདེ་འཇགས་ཚན་པ་ཁག་གིས་ཉིན་མཚན་མེད་པར་ཞིབ་འཇུག་བྱ་དགོས། རྒྱ་ནག་གི་སློབ་ཕྲུག་ཚང་མ་གསང་ཉུལ་མིན་རུང་ཧྥི་ལི་ཕིན་གྱི་སྲིད་གཞུང་གི་ནང་དུ་སིམ་འཛུལ་བྱེད་ཐུབ་མཁན་ཉུང་ཤས་ལས་མ་བྱུང་ཡང་ཉེན་ཁ་ཆེན་པོ་རེད། ང་ཚོའི་ཁ་པར་འབྲེལ་མཐུད་ལའང་བློ་འཚབ་བྱ་དགོས་ཀྱི་འདུག ཧྥི་ལི་ཕིན་གྱི་ཁ་པར་འབྲེལ་མཐུད་མ་ལག་མང་ཆེ་བ་རྒྱ་ནག་གིས་བཙུགས་པ་རེད་ཅེས་བསྟན།།
ཉེ་ཆར་ཕྱི་ཟླ་༤་པའི་ཚེས་༢༢་ཉིན་ཧྥི་ལི་ཕིན་གྱི་འཛམ་གླིང་སློབ་ཆེན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་སློབ་ཕྲུག་ཚོ་ཧྥི་ལི་ཕིན་གྱི་ཞིང་ཆེན་ཡོངས་སུ་ཁྱབ། ཐ་ན་ཧྥི་ལི་ཕིན་གྱི་དམག་སྒར་ཁག་གི་ཉེ་འགྲམ་དུ་རྒྱ་ནག་གི་སློབ་ཕྲུག་ཚོ་ཡོང་ཐུབ་ཀྱི་ཡོད་པའི་གནས་ཚུལ་ཐོན་པར་སྤྱི་དམངས་རྣམས་ཁོང་ཁྲོས་བརྟས། ཧྥི་ལི་ཕིན་གྱི་སློབ་ཆེན་ཁག་གིས་རྒྱ་ནག་ནས་ཡོང་བའི་སློབ་ཕྲུག་ཚོར་དམིགས་བསལ་གྱི་དོགས་ཟོན་བྱེད་ཚེ། རྒྱལ་སྤྱིའི་སློབ་ཕྲུག་ཁོངས་ནས་རྒྱ་ནག་གི་སློབ་ཕྲུག་ཚོ་ལོགས་སུ་བཀར་ཏེ་དབྱེ་འབྱེད་བྱེད་ཀྱི་ཡོད་པའི་ལྟ་ཚུལ་ངན་པ་འབྱུང་ཤས་ཆེ་ཞེས་སྐྲག བདུན་ཕྲག་འདིར་ཧྥི་ལི་ཕིན་གྱི་ཕྱི་མི་གཞིས་ལས་ཁུངས་དང་ཕྱི་སྲིད་ལྷན་ཁང་། རྒྱལ་ཡོངས་ཉེན་རྟོག་པ་དང་རྒྱལ་ཡོངས་ཞིབ་གཅོད་ལས་ཁུངས། རྒྱལ་ཡོངས་གསང་བའི་ལས་ཁུངས་ཁག་གི་འགོ་ཁྲིད་ཚོ་ཚོགས་འདུ་འཚོགས་རྒྱུ་ཡིན་ཞིང་། ཚོགས་འདུ་དེའི་ཐོག་ཏུ་ཧྥི་ལི་ཕིན་གྱི་ཀ་གྷ་ཡན་ཞིང་ཆེན་ལ་རྒྱ་ནག་གི་སློབ་ཕྲུག་ལུག་ཡོང་གི་ཡོད་པ་ཇི་ལྟར་འགོག་དགོས་མིན་གྲོས་སྡུར་བྱ་འཆར་ཡོད་པའི་གནས་ཚུལ་ཐོན་འདུག
ཧྥི་ལི་ཕིན་གྱི་གྲོས་ཚོགས་འཐུས་མི་ཚོས་རྒྱ་ནག་གི་སློབ་ཕྲུག་ཚོར་དོགས་ཟོན་བྱ་དགོས་པའི་གླེང་སློང་བྱས་ནས་བཟུང་། རྒྱལ་ཁབ་དེའི་སློབ་ཆེན་ཁག་གིས་ཀ་གྷ་ཡན་ཞིང་ཆེན་གྱི་སློབ་ཆེན་ཁག་ཏུ་རྒྱ་ནག་གི་སློབ་ཕྲུག་༤༠༠༠་ཡས་མས་ཤིག་མེད་ཅེས་གནད་འགག་ཆུང་དུ་གཏོང་རྒྱུའི་ཐབས་ཇུས་བསྟེན། ཧྥི་ལི་ཕིན་གྱི་ཀ་གྷ་ཡན་ཞིང་ཆེན་ནི་རྒྱལ་ཁབ་དེའི་བྱང་ཕྱོགས་དང་ཐེ་ཝན་གྱི་ཁ་གཏད་དུ་ཆགས་ཡོད་པའི་ལུ་ཟོན་གླིང་ཕྲན་དུ་ཡོད་པར་མ་ཟད། གླིང་ཕྲན་དེའི་ཐོག་ཏུ་ཨ་རིའི་དམག་སྒར་ཚུགས་ཡོད་པས་གནད་འགག་ཅིག་ཏུ་བརྩི་དགོས་ཤིང་། རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་ལངས་པའམ། ཡང་ན་ལྷོ་རྒྱ་ནག་རྒྱ་མཚོ་བརྩད་ནས་རྒྱ་ནག་དང་ཧྥི་ལི་ཕིན་གྱིས་དམག་འཁྲུག་བརྒྱབ་པ་སོགས་ཅི་ཞིག་བྱུང་ཡང་ཨེ་ཤི་ཡའི་དམག་འཁྲུག་ཆེན་པོ་ཞིག་ཏུ་གྱུར། ཨ་རི་དང་རྒྱ་ནག ཉི་ཧོང་དང་ཧྥི་ལི་ཕིན། ཨོ་གླིང་སོགས་རྒྱལ་ཁབ་མང་པོ་ཞིག་དམག་འཁྲུག་དེར་ཞོར་འདུད་ཐེབས་སྲིད་པའི་ཉེན་ཁ་ཡོད་པའི་གནས་ཚུལ་ཐོན་འདུག