ཞི་ཅིན་ཕིང་གི་སྤྱི་ལོ་གསར་པའི་ཤིས་ཚིག་དང་དེར་མི་མང་པོས་སྐྱོན་བརྗོད།

སྤྱི་ལོ་༢༠༢༢ ཟླ་༡༢ ཚེས་༣༡ ཉིན། རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཞི་ཅིན་ཕིང་གིས་སྤྱི་ལོ་གསར་པའི་ཤིས་ཚིག་སྒྲོག་བཞིན་པ།

༢༠༢༣ ལོའི་སྤྱི་ཟླ་དང་པོའི་ཚེས་གཅིག་གི་ཉིན་མོར། རྒྱ་ནག་གཞུང་འབྲེལ་གསར་ཁང་ཡོད་དོ་ཅོག་དང་། དེ་བཞིན་དམར་ཤོག་ཚོགས་པའི་དུས་དེབ་སྣ་ཚོགས་སུ། རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཞི་ཅིན་ཕིང་གིས་སྤེལ་བའི་སྤྱི་ལོ་གསར་པའི་ཤིས་ཚིག་བརྒྱུད་སྤེལ་ཤུགས་ཆེ་བྱས་ཡོད་ཅིང་། ཤིས་ཚིག་གི་ནང་ཞི་ཅིན་ཕིང་གིས་མི་སོ་སོར་ལྟ་ཚུལ་དང་། དགོས་མཁོ་མ་འདྲ་བ་ཡོད་པ་རེད་ཅེས་བརྗོད་ཡོད་པའི་ཚིག་དེ་ལ་གཞུང་འབྲེལ་གསར་ཁང་ཚོས་སྣང་མེད་བཏང་ཡོད་ཀྱང་། སྲིད་དོན་དབྱེ་ཞིབ་པ་དང་རྒྱ་ནག་ནང་གི་མི་མང་པོས་ཚིག་དེའི་སྐོར་ནས་དཔྱད་བརྗོད་འདྲ་མིན་སྤེལ་ཏེ། ཞི་ཅིན་ཕིང་གི་བརྗོད་ཚུལ་དེ་ནི་རང་མགོ་རང་གཡོག་གི་ཁྲམ་གཏམ་ཞིག་དང་། རྫུན་གཏམ་དང་སྟོང་བཤད་ཁོ་ན་ཙམ་ལས། དོན་དམ་ལ་དེང་སྐབས་རྒྱ་ནག་མི་དམངས་ཚོའི་སྡུག་བསྔལ་དང་གོད་ཆགས་ཅི་རིགས་ཐེབས་པའི་དོན་དངོས་གནས་སྟངས་སྐོར་ལ་ཚིག་གཅིག་ཀྱང་བཤད་མེད་པ་དང་། མི་དམངས་ཚོའི་རེ་འདུན་ལ་སྣང་མེད་བཏང་དང་གཏོང་མུས་རེད་ཅེས་བརྗོད་ཀྱི་ཡོད་པ་མ་ཟད། སྒེར་གཅོད་པ་ཞི་ཅིན་ཕིང་གང་མགྱོགས་ལས་གནས་ནས་རྩ་དགོངས་ཞུ་དགོས། དྲ་རྒྱའི་ལྕགས་རི་གཏོར་ནས་རྒྱ་ནག་མི་དམངས་ཚོ་ལ་འཛམ་གླིང་སྤྱིའི་གཏམ་བརྗོད་རང་དབང་གི་ཁོར་ཡུག་ལོངས་སུ་སྤྱོད་འཇུག་དགོས། རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་དང་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་སྐད་ཆ་བཤད་མཁན་གྱི་ཆབ་སྲིད་བཙོན་པ་དག་གློད་བཀྲོལ་བཏང་དགོས། ལྷག་པར་དུ་ཟླ་བ་གཅིག་གི་གོང་སྟེ། ཤོག་བུ་སྟོང་པའི་ལས་འགུལ་སྐབས་སུ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་པའི་གཞོན་སྐྱེས་ངོ་རྒོལ་བ་དེ་ཚོ་གང་མགྱོགས་གློད་བཀྲོལ་གཏང་དགོས་པ་སོགས་ཀྱི་རེ་འབོད་ཞུས་འདུག།

དང་ཐོག་རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་ནས་ཁྱབ་གདལ་དུ་ཕྱིན་པའི་ཏོག་དབྱིབས་ནད་དུག་དེ་བཞིན་འཛམ་གླིང་ཡོངས་ལ་ཁྱབ་གདལ་ཕྱིན་ནས་ལོ་གསུམ་ཙམ་འགོར་གྱི་ཡོད་པ་དང་། དེའི་རིང་ལ་རྒྱ་ནག་ནང་། ཞི་ཅིན་ཕིང་མི་སྒེར་གྱི་ཐད་ཀའི་བཀོད་འདོམས་འོག་རྒྱ་ནག་མི་དམངས་ཚོ་ལ་མི་རྒྱུ་གཉིས་ཆ་ནས་གོད་ཆགས་ཅི་རིགས་བྱུང་བཅུག་ཡོད་པས། མི་དམངས་ཚོར་འུ་ཐུག་ནས་དེ་སྔར་པེ་ཅིང་སི་ཐུང་ཟམ་པའི་ཐོག་ཞི་ཅིན་ཕིང་ལ་ངོ་རྒོལ་གྱི་འཕྲེད་དར་འཕྱར་བའི་གནས་ཚུལ་ཐོན་ཡོད། གཞན་ཚོགས་ཆེན་ཉི་ཤུ་པའི་རྗེས་སུ་རྒྱ་ནག་གི་གྲོང་ཁྱེར་ཀོང་ཀྲུའུ་དང་ཀྲེང་ཀྲུའུ་སོགས་ཀྱི་ནང་། མི་ཚོས་ནད་དུག་འགོག་སྲུང་སྐོར་གྱི་དམ་དྲག་སྲིད་ཇུས་ལ་ངོ་རྒོལ་བྱས་པའི་གནས་ཚུལ་ཐོན་ཡོད། གཞན་༢༠༢༢ ལོའི་སྤྱི་ཟླ་༡༡ པའི་ཟླ་མཇུག་ཙམ་ལ་ཤིན་ཅང་ཝུ་ལུ་མུ་ཆིས་ལ་སྡོད་ཁང་ཞིག་ལ་མེ་སྐྱོན་བྱུང་ནས་མི་མང་པོ་འཆི་སྐྱོན་བྱུང་སྟེ། མཐར་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་དཔེར་ན། ནན་ཅིང་དང་པེ་ཅིང་། ཁྲིང་ཏུའུ། ཁྲུང་ཆིང་། ཝུ་ཧན་སོགས་ཀྱི་ནང་དུ་ཤོག་བུ་སྟོང་པའི་ངོ་རྒོལ་ཞེས་ནད་དུག་གཙང་སེལ་གྱི་སྲིད་ཇུས་ཐལ་ཆ་ཅན་དེར་ངོ་རྒོལ་བྱེད་པའི་ལས་འགུལ་སྤེལ་ཡོད། སྐབས་དེར་ངོ་རྒོལ་བ་འགའ་ཤས་ཤིག་གིས་སྒེར་གཅོད་པ་ཞི་ཅིན་ཕིང་ལས་གནས་ནས་རྩ་དགོངས་ཞུ་དགོས། མར་ཤོག་ཚོགས་པ་རྩ་དགོངས་ཞུ་དགོས་ཞེས་འབོད་ཚིག་སྒྲོག་ཡོད་པ་མ་ཟད། ས་གནས་འགའ་ཤས་སུ་ངོ་རྒོལ་བ་ཚོས་རྒྱལ་སྤྱིའི་གླུ་དབྱངས་དང་རྒྱ་ནག་གི་རྒྱལ་གླུ་བློས་བླངས་དམག་གི་མདུན་སྐྱོད་ཀྱི་གླུ་གཞས་ཞེས་པ་དེ་གཉིས་སྐད་གསང་མཐོན་པོས་བླངས་ཡོད་པ་རེད།

དེ་བས་པེ་ཅིང་གཞུང་འུ་ཐུག་ཐབས་ཟད་ཀྱི་གནས་སྟངས་འོག སྤྱི་ཟླ་༡༢ པའི་ཚེས་༧ ཉིན་ནད་དུག་འགོག་སྲུང་སྐོར་གྱི་དོན་ཚན་བཅུ་ཞེས་པ་ཞིག་ཕྱིར་བསྒྲགས་བྱས་དགོས་བྱུང་ཡོད། སྲིད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་རྒྱལ་ཡོངས་སུ་ངོ་རྒོལ་ལས་འགུལ་བྱུང་བའི་སྐབས་སུ། ཞི་ཅིང་ཕིང་གི་གཞུང་འཛིན་དེ་ཅི་བྱ་གཏོལ་མེད་དུ་གྱུར་ཏེ་མཐར་སྔོན་བརྡ་དང་གྲ་སྒྲིག་གང་ཡང་མེད་པའི་ཐོག འདས་པའི་ལོ་གསུམ་ཙམ་གྱི་རིང་ལ་ལག་ལེན་བསྟར་ཡོད་པའི་ནད་དུག་གཙང་སེལ་ཞེས་པའི་སྲིད་ཇུས་དེ་ཕྱིར་བསྡུ་བྱ་རྒྱུའི་གསལ་བསྒྲགས་བྱས་ཡོད། ཐག་གཅོད་དེ་ལ་བརྟེན་ནས་དེང་སྐབས་རྒྱ་ནག་རྒྱལ་ཡོངས་སུ་ནད་དུག་ཁྱབ་གདལ་ཤུགས་ཆེ་ཕྱིན་ཏེ། ནད་དུག་འགོས་མཁན་དང་ནད་དུག་གིས་རྐྱེན་པས་འདས་གྲོངས་སུ་ཕྱིན་མཁན་གྱི་གྲངས་འབོར་ཇེ་མང་འགྲོ་བཞིན་ཡོད་པ་དང་། སྨན་ཁང་ཆེ་ཆུང་ཚང་མར་ནད་པས་ཁེངས་ཏེ་འཕྲོད་བསྟེན་མ་ལག་ལ་གནོན་ཤུགས་ཆེན་པོ་འཕྲད་བཞིན་ཡོད་པ་རེད། ཡིན་ན་ཡང་། རྒྱ་ནག་དམར་ཤོག་གཞུང་གིས་ད་ལྟ་ཕན་ཆད་རྒྱ་ནག་ནང་གི་ནད་དུག་ཁྱབ་གདལ་གྱི་གནས་ཚུལ་ངོ་མ་དང་ནད་པའི་གྲངས་འབོར་ངོ་མ་དེ་ཕྱིར་བསྒྲགས་བྱས་མེད་པ་མ་ཟད། ཨ་མེ་རི་ཁ་དང་འཇར་མན་སོགས་རྒྱལ་ཁབ་གཞན་ཚོའི་ནད་དུག་འགོག་སྲུང་སྐོར་གྱི་རོགས་སྐྱོར་དང་བསམ་འཆར་དང་ལེན་བྱས་མེད་པ་རེད།

དཔྱད་བརྗོད་པ་འགས། རྒྱ་ནག་གཞུང་གིས་གློ་བུར་དུ་ནད་ཡམས་དམ་དྲག་གི་སྲིད་ཇུས་ཕྱིར་འཐེན་བྱེད་དོན་གཙོ་བོ་ནི། རིང་མིན་སྤྱི་ཟླ་གསུམ་པའི་ནང་འཚོགས་འཆར་ཡོད་པའི་རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་ཞེས་པ་དང་ཆབ་སྲིད་གྲོས་མོལ་གྱི་ཚོགས་འདུ་ཞེས་པའི་ཚོགས་ཆེན་དེ་གཉིས་ཀྱི་སྔོན་ལ་སྤྱི་ཚོགས་བརྟན་བརླིང་ཡོང་ཐབས་དང་། དམར་ཤོག་ཚོགས་པའི་གནད་ཡོད་ལས་སྣེ་ཚོ་བདེ་བླགས་ངང་གོ་གནས་རྩིས་སྤྲོད་རྩིས་ལེན་བྱ་རྒྱུ་དང་། དེ་བཞིན་དམར་ཤོག་ཚོགས་པའི་སྲིད་དབང་དེ་སྲ་བརྟན་ཁོ་ན་ཡོང་ཆེད་མི་དམངས་ཀྱི་ཚེ་སྲོག་བློས་གཏོང་བྱེད་བཞིན་ཡོད་པ་རེད་ཅེས་བརྗོད་འདུག།

གཞན་ཡང་ཉེ་ཆར་སྤྱི་ལོ་གསར་པའི་གནམ་གང་ཉིན། རྒྱ་ནག་གི་ནན་ཅིང་དང་ཧེ་ནན་ཞིང་ཆེན་གྱི་ས་གནས་འགའ་ཤས་སུ་མི་དམངས་ཚོ་གནས་གཅིག་ཏུ་འཛོམས་ནས་ཤོག་སྦག་བཏང་ནས་ལོ་གསར་པར་དགའ་སྟོན་རྟེན་འབྲེལ་གྱི་བྱ་འགུལ་སྤེལ་ཡོད་ཅིང་། སྐབས་དེར་མི་མང་པོ་ཞིག་གིས་ཉེན་རྟོག་པས་མོ་ཏྲ་མགོ་རྟིང་སློག་ནས་བཀག་ཉར་འོག་ཏུ་ཚུད་ཡོད་པ་དང་། དོན་རྐྱེན་དེ་དང་འབྲེལ་བའི་བརྙན་པར་སོགས་རྒྱ་ནག་ནང་ཁུལ་དང་རྒྱལ་སྤྱིའི་སྤྱི་ཚོགས་དྲ་ལམ་ཐོག་ལ་བརྒྱུད་སྤེལ་ཤུགས་ཆེ་ཕྱིན་ཡོད།

དེང་སྐབས་རྒྱ་ནག་ནང་རྒྱུན་ལྡན་མིན་པའི་ཆབ་སྲིད་ཀྱི་ཁོར་ཡུག་དང་སྤྱི་ཚོགས་ཡོངས་ཁྱབ་ཀྱི་གནས་སྟངས་ཛ་དྲག་ཆགས་ཡོད་ཀྱང་། ད་ཐེངས་ཞི་ཅིན་ཕིང་གི་སྤྱི་ལོ་གསར་པའི་ཤིས་ཚིག་ནང་ཁོ་རང་སོ་སོས་སོ་སོ་ལ་བསྔགས་བརྗོད་ཀྱིས་ཁོས་འགོ་ཁྲིད་པའི་ནད་དུག་འགོག་སྲུང་གི་ལས་དོན་ཐད་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ལུགས་འགྲེལ་བརྗོད་བྱས་ཡོད། དུས་མཚུངས་སུ་ཁོས་དེང་སྐབས་མི་ཚང་མའི་གནས་སྟངས་ལས་སླ་མོ་ཞིག་མ་རེད། རྒྱ་ནག་རྒྱལ་ཁབ་དེ་འདྲ་ཆེན་པོ་ཞིག་གི་ནང་མི་སོ་སོ་ལ་རེ་འདུན་དང་དགོས་མཁོ་ཐ་དད་ཡོད་རེད། དོན་དག་གཅིག་གི་ཐོག་ལ་ལྟ་ཚུལ་དང་བསམ་ཕྱོགས་མི་འདྲ་བ་སླེབས་སྲིད། དེ་རྒྱུན་ལྡན་རེད། ང་ཚོས་ཕན་ཚུན་གྲོས་མོལ་བརྒྱུད་ནས་འབྲེལ་ལམ་དམ་ཟབ་དང་། འདུ་ཤེས་འཛིན་སྟངས་དེ་གནས་གཅིག་ལ་བབ་དགོས་ཚུལ་བརྗོད་འདུག།

པེ་ཅིང་ནང་གནས་འཁོད་ལོ་རྒྱུས་རིག་པ་བ་གྲགས་ཅན་ཀྲང་དབྱི་ཧྥན་གྱིས་ཞི་ཅིན་ཕིང་གི་ཤིས་ཚིག་དེ་དང་འབྲེལ་ནས་བརྗོད་དོན། ཞི་ཅིན་ཕིང་གིས་རྣམ་འགྱུར་ལྷོད་པོ་འཛིན་ནས་མི་གཞན་ལ་ཁག་དཀྲིགས་མི་བྱེད་པའི་མདོག་བསྟན་པ་དེ་ནི་ཚོགས་ཆེན་གཉིས་ཀྱི་ཆེད་དུ་རེད། ཚོགས་ཆེན་དེ་གཉིས་མཇུག་སྒྲིལ་སོང་ན་གཞི་ནས་འབྲེལ་ཡོད་མི་ཚོ་ལ་རྡུང་རྡེག་གཏང་རྒྱུ་རེད་ཅེས་བརྗོད་འདུག། གཞན་ཡང་པེ་ཅིང་དུ་གནས་བཞུགས་ཉམས་ཞིབ་པ་ཞིག་གིས་ཞི་ཅིན་ཕིང་གིས་གཏམ་བརྗོད་རང་དབང་གི་ཁོར་ཡུག་ཅིག་སྤྲོད་སྲིད་ཀྱི་མ་རེད། འབྱུང་འགྱུར་ཁོར་ཡུག་དེ་ཇེ་སྡུག་འགྲོ་རྒྱུ་ལས་ཇེ་བཟང་འགྲོ་མི་སྲིད་ལ། ཞི་ཅིན་ཕིང་གིས་མི་དམངས་ཀྱི་བདེ་སྡུག་ལ་སེམས་ཁུར་མི་བྱེད་པའི་གཤིས་ཀ་དེ་ལ་འགྱུར་ལྡོག་འགྲོ་རྒྱུ་མ་རེད་ཅེས་བརྗོད་འདུག།

ཝ་ཤིན་ཐོན་ལ་གནས་བཞུགས་འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་བྱེད་མཁན་དང་ཁྲིམས་ལུགས་རིག་པ་བ་ཁྲེང་ཀོང་ཁྲེན་གྱིས་བརྗོད་དོན། ཞི་ཅིན་ཕིང་གིས་སྤྱི་ལོ་གསར་པའི་ཤིས་ཚིག་ནང་ཐེངས་དང་པོར་མི་སོ་སོ་ལ་ལྟ་ཚུལ་དང་དགོས་མཁོ་ཐ་དད་ཡོད་རེད་བརྗོད་པ་དེ་ནི། ད་ལྟ་རྒྱ་ནག་གི་གནས་སྟངས་འོག་འུ་ཐུག་ནས་བཤད་པ་ཙམ་ལས་དོན་དངོས་པོར་ཁོས་མི་དམངས་ལ་བྱམས་བརྩེ་སྐྱེས་ནས་བརྗོད་པ་ཞིག་བརྟེན་ནས་མ་རེད་ཅེས་དང་། ཨོ་གླིང་གི་སི་ཊི་ནི་གཙུག་ལག་སློབ་ཆེན་གྱི་རྒྱ་ནག་གནད་དོན་སྐོར་གྱི་ཉམས་ཞིབ་པ་ཧྥུང་ཁྲུང་དབྱིས་ཀྱང་། གལ་སྲིད་ཞི་ཅིང་ཕིང་གི་ཁ་ནས་བཤད་པ་དེ་བདེན་པ་ཡིན་ན། ད་ནས་བཟུང་རྒྱ་ནག་དམར་ཤོག་གཞུང་དང་ལྟ་གྲུབ་ཐ་དད་འཛིན་མཁན་དང་གཞུང་ལ་སྐྱོན་བརྗོད་བྱས་པ་ཙམ་གྱིས་བཀག་ཉར་འོག་ཚུད་ཡོད་པའི་ཆབ་སྲིད་བཙོན་པ་ཡོད་ཚད་གློད་བཀྲོལ་གཏང་དགོས་ཡོད་ཅེས་བརྗོད་འདུག། དེ་བཞིན་དུ་ནིའུ་ཡོག་ལ་གནས་བཞུགས་ཆབ་སྲིད་དཔྱད་བརྗོད་པ་ཧུའུ་ཕིང་གིས། ཞི་ཅིན་ཕིང་གིས་སྐད་ཆ་དེ་གཙོ་བོ་མཱ་ཤའོ་ལི་གཙོས་པའི་གཞུང་དང་ལྟ་གྲུབ་ཐ་དད་འཛིན་མཁན་གྱི་མི་འགའ་ཤས་ཤིག་ལ་ཟེར་གྱི་ཡོད་རེད། ཞི་ཅིན་ཕིང་གིས་མཱ་ཤའོ་ལི་ལ་ཆབ་སྲིད་ཀྱི་ཞྭ་མོ་གཡོག་ས་འགྲོ་ཡི་མ་རེད་ལ་ཁ་བསྡམས་ཐབས་ཀྱང་བྱེད་ཐུབ་ཀྱི་མེད་པས་རེད་ཅེས་བརྗོད་འདུག།

ཨ་རིར་གནས་སྡོད་ཉམས་ཞིབ་པ་ཝུའུ་ཙོག་ལའེ་ཡིས་ཞི་ཅིན་ཕིང་གིས་ཀློག་འདོན་བྱས་པའི་སྤྱི་ལོ་གསར་པའི་ཤིས་ཚིག་དེ་ནི། ཉེ་ཆར་ཞི་ཅིན་ཕིང་གིས་བསྐོ་བཞག་བྱས་པའི་རྒྱ་ནག་དམར་ཤོག་གཞུང་གི་དྲིལ་བསྒྲགས་སྡེ་ཚན་གྱི་འགན་འཛིན་གསར་པ་ལི་ཧྲུའུ་ལེ་དང་འབྲེལ་བ་ཡོད་པ་ཞིག་རེད། ཞི་ཅིན་ཕིང་གིས་ནམ་རྒྱུན་མི་གཞན་གྱིས་བྲིས་པའི་ཡི་གེ་ཀློག་འདོན་བྱེད་སྲོལ་ཡོད། ཁ་ནས་གཞན་གྱིས་བྲིས་པའི་ཡི་གེ་ཀློག་ཞོར་དོན་དངོས་སུ་སོ་སོས་འདོད་ཚུལ་དོན་ཐོག་ལག་ལེན་བསྟར་རྒྱུ་ནི་དམར་ཤོག་ཚོགས་པའི་སྒེར་གཅོད་པ་ཚོ་ཐུན་མོང་ལ་འབྱར་བའི་གོམས་གཤིས་ངན་པ་ཞིག་རེད་ཅེས་བརྗོད་འདུག། དེང་སྐབས་རྒྱ་ནག་གི་མི་མང་པོ་ཞིག་དྲ་རྒྱའི་ལྕགས་རི་བརྒལ་ནས་ཐེ་ཊེར་སོགས་སྤྱི་ཚོགས་དྲ་ལམ་ཐོག། རྒྱ་ནག་དམར་ཤོག་ཚོགས་པ་དང་ཞི་ཅིན་ཕིན་ལ་སྐྱོན་བརྗོད་བྱེད་མཁན་དང་། ཞི་ཅིན་ཕིང་གི་ཁ་ནས་བཤད་པ་དེ་དང་དོན་དངོས་ལག་ལེན་བསྟར་བ་གཉིས་ཐ་དད་ཡིན་པས་དེའི་ཐད་མི་ཚོས་དོགས་ཟོན་བྱེད་དགོས་པའི་རེ་འབོད་ཀྱང་ཞུ་བཞིན་འདུག།