བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནང་ཁང་གིས་ཕྱི་ཟླ་ ༡༢ ཚེས་ ༩ དང་ ༡༠ བཅུ་བཅས་ཉིན་གྲངས་གཉིས་རིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དུས་སྟོན་སྲུང་བརྩི་དང་སྟབས་བསྟུན་ནས། གོང་སྨྲོས་ལྟེ་གནས་ཁང་དེ་དང་ལྷོ་ཀོ་རི་ཡར་རྟེན་གཞི་བྱས་པའི་ཨེ་ཤི་ཡའི་ཆེ་མཐོང་སྲུང་སྐྱོབ་ཚོགས་པ་ (Asian Dignity Initiative) གཉིས་ཟུང་སྦྲེལ་གྱིས་བལ་ཡུལ་ནང་གི་བོད་མི་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ལ་ཞིབ་འཇུག་གིས་སྙན་ཐོ་ཞིག་རྡ་ས་ནོར་བུ་གསོལ་མགྲོན་ཁང་དུ་དབུ་འབྱེད་གནང་སོང་ལ། བལ་ཡུལ་ནང་གི་བོད་མི་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་མཚོན་པའི་ཞིབ་འཇུག་སྙན་ཐོའི་ནང་དོན་དང་གནད་འགག་སོགས་ཀྱི་སྐོར་ལ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་བསྟན་འཛིན་ཟླ་བ་ལགས་ཀྱིས་ཉེ་བའི་ཆར་ནས་བལ་ཡུལ་དུ་རྒྱ་ནག་གི་གནོན་ཤུགས་ཇེ་ཆེར་སླེབས་པར་བརྟེན་བལ་ཡུལ་དུ་གནས་སྡོད་བོད་མི་རྣམས་ཀྱི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱིས་བལ་ཡུལ་དུ་གནས་སྡོད་བོད་མི་རྣམས་ཀྱི་མ་འོངས་པའི་མདུན་ལམ་ལ་ཉེན་ཁ་འཕྲད་བཞིན་པའི་གནས་སྟངས་གསལ་འདོན་གནང་ཡོད་པ་གསུངས་གནང་སོང་།
དེ་བཞིན་བལ་ཡུལ་ནང་གི་བོད་མིའི་དངོས་ཡོད་གནས་སྟངས་ཞིབ་འཇུག་བརྒྱུད་རིམ་དང་འབྲེལ་བའི་སྐོར་ལ་ཡང་ལྟེ་གནས་ཁང་གི་འགན་འཛིན་དང་ཉམས་ཞིབ་པ། མཉམ་འབྲེལ་ཞིབ་འཇུག་པ་བཅས་ས་གནས་སུ་ཆེད་བསྐྱོད་ཀྱིས་བལ་བོད་གཉིས་ཀའི་གཞུང་འབྲེལ་མི་སྣ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་མི་སྣ། མི་མང་སོགས་མི་གྲངས་ལྔ་བཅུ་བརྒལ་བར་ས་གནས་ཀྱི་དངོས་གནས་སྟངས་རྒྱུས་ལོན་ཞིབ་འཇུག། དེ་བཞིན་གསར་འགྱུར་བརྒྱུད་ལམ་སོགས་ཕྱོགས་ཡོངས་ཀྱི་གནས་ཚུལ་ཁག་ལ་ཞིབ་འཇུག་གནང་སྟེ། ད་ལྟའི་སྙན་ཐོ་འདིས་ཁུངས་བཙུན་གསལ་སྟོན་ཐུབ་པ་འགྲེལ་བརྗོད་དང་སྦྲགས། ལྟེ་གནས་ཁང་གིས་ངོས་ནས་སྙན་ཐོ་འདོན་སྤེལ་ཙམ་མ་ཡིན་པར་རྗེས་ཕྱོགས་ནས་དེ་འབྲེལ་གྱི་ལས་འགུལ་སྤེལ་ཕྱོགས་དང་། དེ་བཞིན་འབྲེལ་ཡོད་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་སུ་བལ་ཡུལ་དུ་གནས་སྡོད་བོད་མི་དེ་དག་གི་འགྲོ་བ་མིའི་ཐོབ་ཐང་འགན་ལེན་སྲུང་སྐྱོབ་སོགས་དང་འབྲེལ་བའི་སྐུལ་འདེབས་དང་། ཞུ་གཏུགས་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་པ་ཡང་གསུངས་གནང་སོང་།
དེ་དང་ཕྱོགས་མཚུངས་དེ་རིང་གི་ལས་རིམ་ཐོག་ལྷོ་ཀོ་རི་ཡར་རྟེན་གཞི་བྱས་པའི་ཨེ་ཤི་ཡའི་ཆེ་མཐོང་སྲུང་སྐྱོབ་ཚོགས་པའི་ཉམས་ཞིབ་པ་ཨིན་ཡུང་ལགས་དང་ལྟེ་གནས་ཁང་གི་ཉམས་ཞིབ་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱང་དྲ་ཐོག་ནས་མཉམ་བཞུགས་ཀྱིས་རྒྱ་ནག་གི་དྲག་གནོན་འོག་བོད་ནང་གི་བོད་མི་ཚོར་རང་དབང་དང་ཐོབ་ཐང་མེད་པ་བཞིན། རྒྱ་ནག་གི་གནོན་ཤུགས་འོག་བལ་ཡུལ་ཡང་བོད་གཉིས་པ་ལྟ་བུ་ཞིག་གིས་གནས་སྟངས་འོག་ནས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བ་ཚོར། འགྲོ་སྡོད་རང་དབང་མེད་པ། ཁྲིམས་མཐུན་ཡིག་ཆ་མི་སྤྲོད་པ། སློབ་སྦྱོང་དང་ལས་ཀའི་ཐོབ་ཐང་འདྲ་མཉམ་མེད་པ། སྨྲ་བརྗོད་དང་ལས་འགུལ། རིག་གཞུང་སྲུང་སྐྱོབ། དུས་ཆེན་སྲུང་བརྩི་སོགས་བོད་མིའི་གནས་སྟངས་དང་འབྲེལ་བའི་བྱེད་སྒོ་ཡོངས་རྫོགས་ལ་དོ་དམ་དང་བཀག་འགོག། དྲག་གནོན་སོགས་ཀྱི་དཀའ་ངལ་འཕྲད་བཞིན་པའི་གནས་སྟངས་གསལ་འདོན་ཡང་གནང་སོང་།
གཞནཡང་ལས་རིམ་གཞན་ནང་། འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གློག་བརྙན་གཟིགས་འབུལ། སྙན་ངག་གྱེར་འདོན་དང་གླུ་གཞས་དགོང་འཛོམས། གཞིས་བཞུགས་རྩོམ་པ་པོ་ནགས་ཚང་ནུས་བློ་ལགས་ཀྱི་ལོ་རྒྱུས་དེབ་ཕྲེང་གཉིས་པ་“ནགས་ཚང་གཞོན་ནུའི་རང་མཚང་”ཞེས་པའི་དཔེ་དེབ་དབུ་འབྱེད་ཐོག་ཁོང་གི་མི་ཚེ་དང་བརྩམས་ཆོས་སྐོར་ལ་གནད་ཡོད་མི་སྣའི་བགྲོ་གླེང་སོགས་གོ་སྒྲིག་ཞུ་རྒྱུ་ཡིན་པ་རེད་འདུག
Your browser doesn’t support HTML5