༄༅།། བལ་ཡུལ་གྱི་སྲིད་བློན་ཁེ་པི་ཤར་མ་ཨོ་ལིའི་(K.P Sharma Ali)་ཕྱི་རྒྱལ་གྱི་འཚམས་འདྲི་ཐེངས་དང་པོ་དེ་རྒྱ་གར་ལ་མ་ཕེབས་པར་རྒྱ་ནག་ཏུ་ཕེབས་རྒྱུའི་ཐག་བཅད། ཕྱི་ཟླ་༡༡་པའི་ཚེས་༡༤་ཉིན་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། སྲིད་བློན་ཨོ་ལིའི་ཐག་བཅོད་ཀྱིས་བལ་པོའི་གཞུང་འདིས་ལྷོ་ཕྱོགས་ཀྱི་ཁྱིམ་མཚེས་རྒྱ་གར་ལས་ཀྱང་བྱང་ཕྱོགས་ཀྱི་ཁྱིམ་མཚེས་རྒྱ་ནག་གཙིགས་སུ་བཟུང་སྟེ་དཔལ་འབྱོར་འབྲེལ་བ་སྲ་བརྟན་གཏང་རྒྱུའི་འཆར་གཞི་ཡོད་པ་མཚོན་ཐུབ། དེ་ནི་བལ་ཡུལ་གྱིས་རྒྱ་གར་ཨང་དང་པོར་འཛིན་པའི་ཕྱི་འབྲེལ་ལམ་སྲོལ་ཞིག་ཚུགས་ཡོད་པར་འགྱུར་བ་ཐེབས་པ་ཞིག་ཡིན་སྲིད། རྒྱ་གར་གྱིས་བལ་པོའི་འགོ་ཁྲིད་གསར་པ་རྣམས་ལྡི་ལི་གསར་པར་འཚམས་འདྲིར་ཕེབས་དགོས་ཞེས་གདན་འདྲེན་ཞུ་སྲོལ་ཡོད་ཀྱང་སྲིད་བློན་ཨོ་ལི་མགྲོན་འབོད་མ་བྱས་པ་རེད་ཅེས་གསར་འགྱུར་སྤེལ་འདུག
ཁ་སྔོན་ཕྱི་ཟླ་༧་པའི་ནང་བལ་ཡུལ་གྱི་རྒྱལ་ཡོངས་གྲོས་ཚོགས་སུ་སྲིད་བློན་པུ་ཤ་པ་ཀ་མལ་ཌ་ཧལ་(Pushap Kamal Dahal)་གྱི་སྲིད་གཞུང་ལ་ཡིད་ཆེས་མེད་པའི་འོས་ཤོག་འཕངས། བལ་པོའི་དམར་ཤོག་ཚོགས་པ་དང་བལ་པོའི་ཀོང་རེ་སི་ཚོགས་པས་མཉམ་སྐྱོང་སྲིད་གཞུང་བཙུགས་ནས་ཤར་མ་ཨོ་ལི་སྲིད་བློན་དུ་བསྐོས། ཟླ་བ་རྗེས་མའི་ཚེས་༢་ནས་༦་བར་དུ་སྲིད་བློན་ཨོ་ལི་རྒྱ་ནག་ལ་འཚམས་འདྲིར་ཕེབས་ཀྱི་ཡོད་པ་བལ་ཡུལ་གཞུང་གིས་དངོས་སུ་ཕྱིར་བསྒྲགས་མ་བྱས་ཤིང་། བལ་ཡུལ་གྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་གཞོན་པས་གསར་འགོད་པ་ཚོར་སྲིད་བློན་ཨོ་ལི་རྒྱ་ནག་ཏུ་ཕེབས་ནས་ཕྱོགས་གཉིས་ཀྱི་མཐོ་རིམ་འགོ་ཁྲིད་ཚོས་མིང་རྟགས་བཀོད་པའི་གྲོས་མཐུན་ཁག་ལག་ལེན་བསྟར་རྒྱུ་གནད་འགག་ཆེན་པོར་འཛིན་དགོས་པའི་སྐུལ་ལྕག་གཏང་འཆར་ཡོད་ཅེས་བསྒྲགས།།
བལ་པོའི་སྲིད་བློན་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་འཆར་ཡོད་པ་དེར་རྒྱ་གར་གྱིས་དོ་སྣང་གཟབ་ནན་བྱེད་ཀྱི་ཡོད་ཅིང་། ཉམས་ཞིབ་པ་ཚོས་ཐེངས་འདིའི་འཚམས་འདྲི་འདི་༢༠༠༨་ལོར་སྐབས་དེའི་བལ་ཡུལ་གྱི་སྲིད་བློན་པྲ་ཅན་དྷའམ། པུ་ཤ་པ་ཀ་མལ་ཌ་ཧལ་གྱིས་སྲིད་དབང་བའི་རྗེས་སུ་རྒྱ་གར་ལ་འཚམས་འདྲིར་མ་ཕེབས་པར་སྔོན་ལ་རྒྱ་ནག་ཏུ་ཕེབས་པ་ལྟར་གྱི་གནད་འགག་ཆེན་པོ་ཞིག་མིན་ཤས་ཆེ། ཤར་མ་ཨོ་ལིའི་འཚམས་འདྲི་ནི་རྒྱ་གར་ལ་བརྡ་ཞིག་གཏོང་ཐབས་ཙམ་རེད། བལ་ཡུལ་དང་རྒྱ་གར་གྱི་འབྲེལ་བ་ཅུང་ཙམ་ཡག་པོ་མ་བྱུང་ན་བལ་པོའི་འགོ་ཁྲིད་ཚོས་པེ་ཅིང་ལ་འབྲེལ་བ་ཡག་ཏུ་གཏོང་བ་དང་རྒྱ་ནག་ལ་འབྲེལ་ཅུང་ཙམ་ཡག་པོ་མ་བྱུང་ན་ལྡི་ལི་གསར་པར་འབྲེལ་བ་ཡག་ཏུ་གཏོང་བའི་ཐབས་ཇུས་ཤིག་ལག་ལེན་བསྟར། རྒྱ་དཀར་ནག་གི་འཐབ་རྩོད་བར་དུ་བལ་ཡུལ་གྱིས་ཕྱོགས་གཉིས་ཀར་ཧ་ཅང་བསྟུན་མཁས་བྱ་དགོས་པའི་གནས་ཚུལ་ཐོན་འདུག
བལ་ཡུལ་དང་རྒྱ་གར་གཉིས་ལ་ལོ་རྒྱུས་དང་རིག་གཞུང་གི་འབྲེལ་བ་དམ་ཟབ་ཡོད་ཅིང་། ༢༠༡༥་ལོར་བལ་ཡུལ་གཞུང་གིས་རྩ་ཁྲིམས་གསར་པ་ཞིག་གཏན་འབེབས་བྱས་པར་རྒྱ་གར་གྱིས་དགག་པ་བརྒྱབ། རྒྱ་གར་གྱིས་གཞུང་འབྲེལ་མ་ཡིན་པར་བལ་ཡུལ་ལ་རྡོ་སྣུམ་དང་དངོས་ཟོག་བཀག་ནས་རྡོ་སྣུམ་ཆད། དེ་ནས་བལ་ཡུལ་འུ་ཐུག་སྟེ་རྒྱ་ནག་ལ་རོགས་སྐྱོར་ཞུས་ཏེ་བལ་ཡུལ་དང་རྒྱ་གར་གྱི་འབྲེལ་བ་ཕྱོགས་གང་ཐད་ནས་སྡུག་ཏུ་སོང་། རྒྱ་གར་དང་བལ་ཡུལ་གྱི་འབྲེལ་བ་དེར་སྐབས་འགར་ས་མཚམས་ཀྱི་རྩོད་གཞི་དང་ཕྱོགས་གཉིས་ཀྱི་མི་རིགས་རིང་ལུགས་པ་ཚོས་འགལ་ཟླ་བསླངས་ནས་བརྟན་པོ་ཞིག་ཚུགས་དཀའ། རྒྱ་གར་གྱིས་བལ་པོའི་སྲིད་བློན་ཤར་མ་ཨོ་ལི་ལྡི་ལི་གསར་པར་གདན་འདྲེན་མ་ཞུས་པ་ནི་ཁ་སྔོན་ཕྱི་ཟླ་༩་པའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཆེན་ཞོར་དུ་སྲིད་བློན་མོ་དྷི་དང་ཨོ་ལི་གཉིས་ཐུག་འཕྲད་བྱས་པ་རེད། དེར་བརྟེན་སྲིད་བློན་མོ་དྷིའི་མཛད་རིམ་ནང་དུ་བལ་པོའི་སྲིད་བློན་ལ་ཐུག་འཕྲད་བྱ་རྒྱུའི་མཛད་རིམ་བསྐྱར་དུ་བསྒྲིགས་མེད་ཅེས་བཀྲལ།།
ལྡི་ལི་གསར་པའི་ཇ་ཝ་ཧར་ལལ་ནེ་རུ་སློབ་གྲྭ་ཆེན་མོའི་རྒྱ་ནག་དང་ལྷོ་ཤར་ཨེ་ཤི་ཡའི་སྡེ་ཚན་གྱི་སློབ་དཔོན་གཞོན་པ་གྷི་ཏ་ཀོ་ཆ་ཧར་(Geeta Kochhar)་གྱིས་བཤད་པ་ལྟར་ན། སྲིད་བློན་ཨོ་ལིས་རྟག་ཏུ་ཕྱོགས་གཉིས་ཀྱི་འབྲེལ་བར་འགལ་ཟླ་སློང་གི་ཡོད་པས་རྒྱ་གར་གཞུང་ནས་མགྲོན་འབོད་མ་བྱས་པར་འཛེམ་ཟོན་བྱ་དགོས་པར་གྱུར། ཤར་མ་ཨོ་ལིའི་ལས་དུས་སྔོན་མའི་སྐབས་སུ་ས་ཁྲ་གསར་པ་བྲིས། ས་ཁྲ་དེའི་ནང་དུ་རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་སུ་རྩོད་གཞི་ཆེ་བའི་ས་གནས་ཁག་གསུམ་ཡོད་པ་རྣམས་བལ་ཡུལ་གྱི་མངའ་ཁོངས་སུ་བཅུག ད་དུང་ས་ཁྲ་གསར་པ་དེ་རྒྱ་ནག་ལ་པར་སྐྲུན་བྱེད་དུ་བཅུག ཟླ་བ་སྔོན་མར་བལ་ཡུལ་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁུངས་ཤིག་ལ་བལ་སྒོར་བརྒྱ་ལོར་གསར་པའི་རྒྱབ་ལོགས་སུ་བལ་ཡུལ་གྱི་ས་ཁྲ་གསར་པ་དེ་བཀོད་ནས་དཔར་སྐྲུན་བྱེད་དུ་འཇུག་རྒྱུའི་ཐག་བཅད་པ་རེད་ཅེས་བསྟན།།
ཕྱི་ཟླ་༡༡་པའི་ཚེས་༡༤་ཉིན་དེ་རིང་གི་རྒྱ་གར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་བློན་ཨོ་ལི་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་ཀྱི་ཡོད་པ་ནི་བལ་ཡུལ་གྱི་འགོ་ཁྲིད་ཚོའི་ཕྱི་རྒྱལ་གྱི་འཚམས་འདྲི་དང་པོ་དེ་རྒྱ་གར་ལ་ཕེབས་དགོས་པའི་ལམ་སྲོལ་ཞིག་ཡོད་པར་འགལ་འཛོལ་བྱུང་ཞིང་། རྒྱ་ལམ་ཐབས་ཅད་བྱང་ཕྱོགས་སུ་གཏད་ཅེས་པའི་དཔེ་དེབ་རྩོམ་པ་པོ་ཨ་མཱི་ཤ་ར་ཇ་མུལ་མཱིས་(Amish Raj Mulmi)་ཤར་མ་ཨོ་ལི་ནི་རྒྱ་ནག་ཏུ་འཚམས་འདྲིར་སྔོན་ལ་ཕེབས་ནས་སྲོལ་རྒྱུན་གྱི་ལམ་ལུགས་ལ་རྒྱབ་འགལ་བྱེད་མཁན་བལ་ཡུལ་གྱི་སྲིད་བློན་དང་པོ་དེ་མ་རེད། རྒྱ་ནག་གི་ཤུགས་རྐྱེན་ལྷོ་ཨེ་ཤི་ཡར་ཁྱབ་ཀྱི་ཡོད་པ་དང་ལྡི་ལི་གསར་པས་རྒྱ་གར་དང་བལ་ཡུལ་གྱི་འབྲེལ་བ་ཡག་པོ་ཞིག་འཛིན་ཐུབ་ཀྱི་མེད་པར་འབྲེལ་བ་འདུག་ཅེས་བརྗོད།།
རྩོམ་པ་པོ་མུལ་མཱིས་མུ་མཐུད་དུ་བཤད་པད་ལྟར་ན། ༢༠༡༥་ལོར་བལ་ཡུལ་དུ་ས་འགུལ་བརྒྱུགས་པ་དང་དེའི་རྗེས་སུ་རྩ་ཁྲིམས་གསར་པར་ངོ་རྒོལ་གྱི་ལས་འགུལ་ལངས། དུས་སྐབས་གཉིས་ཀར་རྒྱ་གར་གྱིས་གོ་སྐབས་དམ་འཛིན་མ་ཐུབ་པར་རྒྱ་ནག་ལ་གོ་སྐབས་ཐོབ། རྒྱ་ནག་གིས་བལ་ཡུལ་དུ་རྒྱ་གར་ལ་སྡང་ཟུག་བྱེད་མཁན་མང་པོ་ཡོད་པ་དེ་དག་ལ་འབྲེལ་བ་བཙུགས་ནས་གྲུབ་འབྲས་ཐོན། རྒྱ་ནག་གིས་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཚོང་ལམ་བརྒྱུད་ནས་བལ་ཡུལ་དུ་མ་རྩ་འཛུགས་རྒྱུའི་བསམ་ཞིབ་བྱེད་ཀྱི་ཡོད་ཀྱང་རྒྱ་གར་དེའི་ཁོངས་སུ་མ་ཞུགས་པ་རེད། རྒྱ་གར་གྱིས་རང་གི་ཁྱིམ་མཚེས་རྒྱལ་ཁབ་ཁག་ཡར་རྒྱས་ཀྱི་ལམ་དུ་འཁྲིད་དགོས། རྒྱ་ནག་ལྟར་རྒྱ་གར་གྱིས་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་རོགས་སྐྱོར་བྱེད་ཐུབ་ཀྱི་མེད་པར་ཁྱིམ་མཚེས་རྒྱལ་ཁབ་ཁག་བློ་ཕམ་འབྱུང་གི་ཡོད་པ་རེད་ཅེས་གསལ་བཀྲོལ་བྱས་འདུག