དེ་རིང་སྤྱི་ཚེས་༡ ནས་བཟུང་། བལ་བོད་གཉིས་ཀྱི་ས་མཚམས་འགྲམ་གྱི་འགག་སྒོ་ཡོངས་སུ་སྒོ་ཕྱེས་ཏེ། ཕྱོགས་གཉིས་ཀྱི་དཔོན་རིགས་མཉམ་འཛོམས་ཐོག་མཛད་སྒོ་ཞིག་འཚོགས་ནས། སྐྱེལ་འདྲེན་རླངས་འཁོར་ཤར་གཏོང་བྱས་ཡོད་ཅིང་། འབྲེལ་ཡོད་བརྒྱུད་དེ་རིང་མཛད་སྒོ་སྟེང་དངོས་སུ་ཞུགས་ཡོད་མཁན་གྱི་མི་སྣ་ཁག་ཅིག་ལ་བཅར་འདྲི་ཞུས་ཡོད་པར། ཀརྨ་ཤར་བྷ་ལགས་ཀྱི་བརྗོད་དོན་ལྟར་ན། དེ་རིང་ཕྱོགས་གཉིས་ཀྱི་དཔོན་རིགས་མཉམ་འཛོམས་ཐོག་མཛད་སྒོ་བསྡུས་ཏེ། སྐྱེལ་འདྲེན་རླངས་འཁོར་ཤར་གཏོང་བྱས་སོང་བ་དང་། འགྲམ་གྱི་འགག་སྒོ་ཕྱེས་ཐུབ་པ་བྱུང་བ་འདི་ནི། དུས་རྒྱུན་བལ་བོད་གཉིས་བར་ཚོང་ལས་གཉེར་མཁན་ཚོར་མཚོན་ན་ཕན་ཐོགས་ཆེན་པོ་ཡོད་པ་རེད། ཧ་ཅང་གི་དགའ་སྤྲོ་སྐྱེས་སོང་། གང་ཡིན་ཟེར་ན། དེ་སྔ་༢༠༡༥ ལོར་བལ་ཡུལ་ནང་ས་འགུལ་བྱུང་བ་ནས་བཟུང་། འགྲམ་གྱི་འགག་སྒོ་བརྒྱབ་ཡོད་པ་དང་། རྗེས་སུ་ཏོག་དབྱིབས་ནད་དུག་གི་རྐྱེན་པས་མུ་འཐུད་དུ་ས་མཚམས་སྒོ་ཕྱེ་ཐུབ་མེད་པ་རེད།
དེར་བརྟེན་འགྲམ་གྱི་འགག་སྒོའི་ཕར་ཕྱོགས་ཀྱི་ས་མཚམས་བོད་མི་རྣམས་ཀྱང་། གྲོང་སྡེ་མང་པོ་ཞིག་གཞིས་ཀ་རྩེ་རུ་རྒྱ་ནག་གིས་གནས་སྤོ་བཅུག་ཡོད་པ་དང་། འགག་སྒོའི་ཚུར་ཕྱོགས་ཀྱི་ཏ་ཏོ་པ་ནུས་ཞེས་པའི་བལ་བོའི་ས་ཐོག་གི་ཟ་ཁང་དང་ཚོང་ཚང་མ་ཡང་སྒོ་བརྒྱབ་ནས་འདས་པའི་ལོ་ཤས་རིང་ལ་ས་སྟོང་ལྟ་བུ་གྱུར་ཡོད་པ་རེད།
དུས་རྒྱུན་ས་མཚམས་འགག་སྒོའི་ཕར་ཚུར་ཕྱོགས་གཉིས་སུ་ཚོང་ལས་གཉེར་མཁན་ཚོར་མཚོན་ན། གྱོང་གུད་ཚབས་ཆེན་ཐེབས་ཡོད་པ་རེད། ད་ལྟ་ཕྱོགས་གཉིས་བར་སྐྱེལ་འདྲེན་སྒོ་ཕྱེས་པ་ཡིན་པས། མ་འོངས་པར་ས་མཚམས་སུ་ཚོང་གཉེར་མཁན་ཇེ་མང་དུ་འགྲོ་རྒྱུ་ཡིན་པར་མ་ཟད། དཔལ་འབྱོར་སླར་གསོ་ལ་ཡང་ཕན་ཐོགས་ཡོད་པ་ཞིག་རེད།
དེ་རིང་མཛད་སྒོའི་སྟེང་བརྗོད་དོན་ལྟར་ན་འགྲམ་གྱི་འགག་སྒོའི་ཕར་ཕྱོགས་སུ་རྒྱ་ནག་གིས་བཙུགས་པའི་ཞིབ་གཤེར་ལས་ཁུངས་དེ་བསྐྱར་གསོ་བྱས་དང་བྱེད་བཞིན་ཡོད་པ་དང་། མི་འགྱངས་བར་དུས་ཡུན་བདུན་ཕྲག་གཅིག་གི་རྗེས་སུ་ལེགས་འགྲུབ་འབྱུང་རྒྱུ་ཡིན་ཞིང་། དེ་ནས་བཟུང་ཕྱོགས་གཉིས་བར་སྐྱེལ་འདྲེན་རླངས་འཁོར་གཅིག་པུ་ཙམ་མ་ཡིན་པར། མིའི་འགྲོ་འོང་ཡང་བྱེད་ཐུབ་རྒྱུ་རེད་འདུག་ཅེས་བརྗོད་བྱུང་།
དེ་དང་ཆབས་ཅིག། དེ་རིང་མཛད་སྒོ་སྟེང་ཡོད་མཁན་ཀན་ཅིའི་ཤར་བྷ་ལགས་ཀྱི་བརྗོད་དོན་ལྟར་ན། དེ་རིང་ནས་བཟུང་འགྲམ་གྱི་འགག་སྒོ་ཡོངས་སུ་སྒོ་ཕྱེས་པ་རེད། ཕྱོགས་གཉིས་ཀྱི་སྐྱེལ་འདྲེན་རླངས་འཁོར་ཆེ་བ་དེ་འདྲ་འགྲོ་རུ་བཅུག་སོང་། དེ་རིང་ཤར་གཏོང་བྱས་པའི་རླུང་འཁོར་ནང་ཁྱིམ་ཆས་ཀྱི་རིགས་སྐྱེལ་འདྲེན་བྱས་ཡོད་པ་དང་། རིང་མིན་བཟའ་བཅའི་རིགས་ཀྱང་ཤར་གཏོང་བྱེད་ཐུབ་གི་རེད།
སྤྱིར་ན་བོད་ནས་བལ་ཡུལ་དུ་བཟའ་བཅའི་རིགས་དེ་བཀག་འགོག་ཆེན་པོ་ཡིན་པ་རེད་། བཟའ་བཅའི་རིགས་ཚོང་བསྒྱུར་བྱེད་དགོས་ན། ཁྲིམས་མཐུན་ཡིག་ཆ་ཚང་ཙམ་གྱི་མི་ཆོག་པར། རྟོག་ཞིབ་མང་པོ་བྱེད་དགོས་པ་དང་། ལྷག་པར་དུ་རྒྱ་ནག་ནས་ཁྱེར་ཡོང་བའི་བཟའ་བཅའི་རིགས་ཚད་ལྡན་ཡིན་ན་མ་གཏོགས། ས་མཚམས་ནས་གཏོང་གི་མ་རེད།
སྤྱིར་བལ་ཡུལ་ནང་བོད་པ་མང་པོ་ཡོད་པའི་རྐྱེན་གྱིས་བོད་ཟས་རིགས་ལས། དཔེར་ན་གྲོ་མ་དང་ཆུར་བ། མར་དང་རྩམ་པ་སོགས་ཚོང་ཧ་ཅང་ཡག་པོ་ཡོད་པ་རེད། ད་ནས་བཟུང་འགྲམ་གྱི་འགག་སྒོ་ཕྱེས་པ་ཡིན་པས། བོད་པ་ཚོང་པ་ཚོར་མཚོན་ན། དངོས་ཟོག་ཕར་གཏོང་ཚུར་ལེན་སོགས་ལ་ཁེ་ཕན་ཆེན་པོ་ཡོད་པ་དང་། དུས་རྒྱུན་བལ་ཡུལ་ནས་བོད་ནང་དངོས་ཟོག་གཏོང་བར་རིན་གོང་རྒྱ་སྒོར་སུམ་བཅུ་ལྷག་ལེན་གི་ཡོད་ཀྱང་། འགྲམ་གྱི་འགག་སྒོ་ཡོངས་སུ་ཕྱེས་པ་ནས་བཟུང་། ཇ་དངོས་གཏོང་གླ་ཡང་རྒྱ་སྒོར་༡༢་ནས་༡༨་བར་མ་གཏོགས་ལེན་གི་མེད་པ་རེད། དེར་བརྟེན་བོད་པ་ཚོར་མཚོན་ན། ཧ་ཅང་སྟབས་བདེ་བསྐྲུན་པ་རེད་ཅེས་སོགས་འགྲེལ་བརྗོད་གནང་ཡོད་པ་རེད།
Your browser doesn’t support HTML5