པེ་ཅིང་གཞུང་གིས་འབར་མའི་གྱེན་ལོག་མནའ་འབྲེལ་ཕྱོགས་གཏོགས་ཀྱི་དམག་དོན་གྱི་གྲུབ་འབྲས་དེ་སོ་སོར་ཕན་ཐོགས་ཡོད་པ་ཞིག་ཏུ་སྒྱུར་ཐབས་བྱས་ཏེ། དེ་སྔོན་འབར་མའི་བྱང་རྒྱུད་ཁུལ་དུ་ཟིང་འཁྲུག་མཚམས་འཇོག་ཡོང་ཐབས་ཀྱི་གྲོས་མཐུན་ཞིག་བཞག་ཡོད་ཀྱང་། ད་ཆ་གྲོས་མཐུན་དེ་སྦོ་ལུག་ཡོད་པའི་རྐྱེན་གྱིས་ཁུལ་དེའི་ནང་རྒྱ་ནག་གི་ཤུགས་རྐྱེན་ལ་ཚད་བཀག་ཡོད་པ་དང་། རྒྱ་ནག་གི་ཁེ་ཕན་དེ་ཡང་རྙོག་འཛིང་ཆེན་པོ་ཞིག་ཡིན་པ་གསལ་པོ་མཚོན་ཡོད་པ་རེད།
སྤྱི་ཟླ་དང་པོའི་ཚེས་༡༢ ཉིན་གསལ་བསྒྲགས་བྱས་པའི་ཧེ་གྷིང་ Haigeng གྲོས་མཐུན་ཞེས་པ་བཞག་ནས་ཉིན་གཅིག་ཀྱང་མ་སོང་བར་རྒྱ་ནག་དང་ས་འབྲེལ་ཡིན་པའི་འབར་མའི་བྱང་རྒྱུད་དུ་མེ་འཕེན་དོན་རྐྱེན་གཞི་རྒྱ་ཆེན་པོ་བྱུང་ཡོད་པ་ཡུལ་དངོས་སུ་གནས་ཚུལ་ངོ་མ་མཐོང་མཁན་ཞིག་གིས་བརྗོད་ཡོད་པ་དང་། འབར་མའི་མི་རིགས་དམངས་གཙོའི་མནའ་འབྲེལ་དམག་དཔུང་དང་། ཨ་རོ་ཁན་དམག་དཔུང་། དེ་བཞིན་དྷེ་ཨང་མི་རིགས་བཅིངས་འགྲོལ་དམག་དཔུང་བཅས་དཔུང་ཁག་གསུམ་གྱིས་གྲུབ་པའི་གྱེན་ལོག་དམག་དཔུང་སྤུན་ཟླ་གསུམ་གྱི་མནའ་འབྲེལ་ཞེས་པས་གྲོས་མོལ་རྗེས་ཀྱི་ཉིན་གཉིས་པར་འབར་མའི་གཞུང་དམག་ཕྱོགས་ནས་ལག་སྔ་འདོན་གྱིས་ས་གནས་མང་པོར་གཏོར་རྒོལ་བཏང་སོང་། ཞེས་སྐྱོན་བརྗོད་བྱས་འདུག།
གཏོར་རྒོལ་དེའི་ནང་ནས་གཞི་ཁྱོན་ཆེ་ཤོས་ཤིག་ཁཱ་ཡ་ཁེམ་ Kyaukme གྲོང་བརྡལ་གྱི་ཉེ་འཁྲིས་སུ་བཏང་ཡོད་ཅིང་། གྲོང་བརྡལ་དེ་ནི་རྒྱ་ནག་གི་ལྷོ་ནུབ་ཁུལ་དང་ས་འབྲེལ་ཡིན་པའི་རི་ཁུལ་གྱི་ཚོང་འདུས་གྲོང་བརྡལ་ཞིག་ཡིན་པ་དང་། ས་ཁུལ་དེ་ནི་འབར་མ་དང་རྒྱ་ནག་གཉིས་དབར་གྱི་ཚོང་ལམ་འཁེལ་ཡུལ་དང་། ཉེ་བའི་ལོ་ཤས་རིང་ལ་འབར་མ་དང་རྒྱ་ནག་ཕྱོགས་གཉིས་ཀས་གཞི་རྩའི་རྨང་གཞིའི་འཛུགས་སྐྲུན་ཐད་མ་རྩ་འབོར་ཆེན་བཙུགས་ཡོད་པ་རེད།
ཉེ་བའི་བདུན་ཕྲག་གཅིག་གི་ནང་། སྤུན་གསུམ་མནའ་འབྲེལ་དམག་དཔུང་གིས་འབར་མའི་གཞུང་དམག་གིས་གཏོར་རྒོལ་རྒྱུན་ཆད་མེད་པར་བཏང་ཐད་གསལ་བསྒྲགས་སྤེལ་བ་གསར་ཤོས་ཤིག་ལས། བྱང་ཕྱོགས་གྲོང་གསེབ་ཁག་ལ་ཁྱོན་གཏོར་རྒོལ་ཐེངས་༡༦ བཏང་ཡོད་པ་བརྗོད་ཡོད་ཅིང་། གནས་ཚུལ་མཐོང་མཁན་ཞིག་གིས་ཞལ་པར་བརྒྱུད་ནས་ཨ་རིའི་རླུང་འཕྲིན་ཁང་ལ་གཏོར་རྒོལ་དེ་རྣམས་བདེན་པ་ཡིན་པའི་ཁུངས་སྐྱེལ་ར་སྤྲོད་བྱས་ཡོད་པ་དང་། སྤུན་གསུམ་མནའ་འབྲེལ་དམག་དཔུང་གིས་མེ་འཕེན་མཚམས་འཇོག་ལམ་ལྷོངས་མ་བྱུང་བའི་འགན་འཁྲི་ཆ་ཚང་འབར་མའི་གཞུང་དམག་ལ་ཡོད་པ་གསལ་བསྒྲགས་སྤེལ་ཡོད་ཅིང་། མེ་འཕེན་མཚམས་འཇོག་དེ་ནི་སྤྱི་ཟླ་༡༢ པ་ནས་བཟུང་ཞི་བའི་གྲོས་མོལ་ཡོང་ཐབས་ཀྱི་འབྲས་བུ་ཡིན་ཞིང་། འདུམ་འགྲིག་གཏོང་མཁན་གཙོ་བོ་ཞིག་ནི་རྒྱ་ནག་ཡིན་པ་རེད། འབར་མའི་གནད་དོན་དབྱེ་ཞིབ་པ་དང་འབར་མའི་དམར་ཤོག་ཚོགས་པའི་ཚོགས་མི་ཟུར་པ་ཐན་སོ་ནཱང་Than Soe Naing ལགས་ཀྱིས་རྒྱ་ནག་གཞུང་གིས་ཞི་འགྲིག་ལ་དོ་སྣང་སླེབས་དོན་ནི་འབར་མ་དང་རྒྱ་ནག་གི་ཡུན་ནན་ཞིང་ཆེན་བར་གྱི་ཚོང་ལམ་ཤར་གཏོང་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།
ལོ་ཁེ་ Laukkai ཞེས་འབོད་པའི་གྲོང་བརྡལ་དེ་ནི་རྒྱན་པོ་འབྱེད་པའི་རྩེད་རིགས་སྣ་ཚོགས་དང་། གཞང་ཚོང་མ། དྲ་ལམ་ནས་ནག་ཉེས་བསགས་མཁན་སོགས་འདུ་འཛོམས་བྱེད་སའི་ངན་པ་དགུ་འཛོམས་ཀྱི་མཐའ་མཚམས་གྲོང་བརྡལ་རྨེད་ཆད་གོང་བུད་ཅིག་ཡིན་པ་དང་། འབར་མའི་གྱེན་ལོག་ཕྱོགས་གཏོགས་སྤུན་གསུམ་མནའ་འབྲེལ་དམག་དཔུང་གིས་དཔུང་ཤེད་ཀྱི་ཐོག་ནས་སྤྱི་ཟླ་དང་པོའི་ཚེས་༥ ཡི་ཉིན་གྲོང་བརྡལ་དེ་བདག་བཟུང་བྱས་ཡོད་ཅིང་། དེ་ནི་ན་ནིང་ལོའི་སྤྱི་ཟླ་༡༠ པ་ནས་གྱེན་ལོག་དམག་དཔུང་གིས་རྒྱལ་ཁ་བླང་འགོ་ཚུགས་པའི་ཁོངས་ཀྱི་ཆ་ཤས་ཤིག་ཡིན་པ་རེད། མནའ་འབྲེལ་དེས་གྲོང་བརྡལ་ཟིན་རྗེས་དམིགས་བསལ་ས་ཁུལ་རང་སྐྱོང་སྲིད་གཞུང་ཞིག་གསར་འཛུགས་བྱས་འདུག།
ཨ་རིའི་ཞི་བདེ་ཞིབ་འཇུག་ཁང་གི་འབར་མའི་ལས་གཞིའི་སྡེ་ཚན་གྱི་འགན་འཛིན་ཇཱ་སོན་ཐོ་ཝེར་Jason Tower ལགས་ཀྱིས་ཨ་རིའི་རླུང་འཕྲིན་ཁང་ལ་བརྗོད་དོན་དུ། རྒྱ་ནག་གིས་ལ་ཉག་མཛོ་གཟེངས་ཀྱི་ཐབས་ལམ་ཞིག་འཚོལ་ཐབས་བྱེད་བཞིན་པར་ཡིད་ཆེས་ཡོད། འབར་མའི་དམག་གཞུང་གིས་བྱང་རྒྱུད་དུ་མངའ་ཁོངས་ཕྲན་བུ་མནའ་འབྲེལ་དམག་དཔུང་ལ་བདག་བཟུང་བྱ་རུ་འཇུག་རྒྱུ་དང་། མནའ་འབྲེལ་དམག་དཔུང་གིས་དམག་འཐབ་ཀྱི་དམིགས་ཡུལ་འགའ་ཤས་ཕྱི་འཐེན་བྱ་རྒྱུ་རེད། ཅེས་དང་། རྒྱ་ནག་གིས་སྤུན་གསུམ་མནའ་འབྲེལ་དམག་དཔུང་ལ་སྲིད་དོན་གྱི་ཐོག་ནས་དམིགས་ཡུལ་ཁག་ཅིག་འགྲུབ་པར་བྱ་རྒྱུ་དང་། དེ་དང་ཆབས་ཅིག་སྤུན་གསུམ་མནའ་འབྲེལ་དམག་ལ་གནོན་ཤུགས་སྤྲད་ནས་གཞུང་དམག་ལ་རོགས་རམ་བྱ་རྒྱུ་རེད། ཅེས་བརྗོད་འདུག།
རྒྱ་ནག་ཏུ་གནས་སྡོད་འབར་མའི་ཉམས་ཞིབ་པ་ཧ་ལ་ཁ་ཟཱོ་ལགས་ཀྱིས་ཨ་རིའི་རླུང་འཕྲིན་ཁང་ལ་བརྗོད་དོན་དུ། རྒྱ་ནག་གི་སྲིད་ཇུས་དེ་བཞིན་རྩ་བའི་ཆ་ནས་ཕྱོགས་ཚང་མར་མཐུན་ལམ་གཏང་རྒྱུ་དང་། སུའུ་ཏན་ལ་འཛིན་པའི་སྲིད་ཇུས་ལ་དཔེར་བླངས་ནས་རྒྱ་ནག་གཞུང་གིས་འགལ་ཟླ་ཡོད་པའི་ཕྱོགས་ཚང་མའི་བར་ལ་འབྲེལ་ལམ་ཡག་པོ་འཛུགས་རྒྱུ་དེ་རེད། ཁོ་ཚོས་ཕྱོགས་ཚང་མར་དམག་འཐབ་མཚམས་འཇོག་ཡོང་བའི་སྐུལ་མ་བཏང་སྟེ། སོ་སོའི་གཞུང་ཚབ་མི་སྣ་ཕྱི་འཐེན་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གི་ཕྱོགས་ཚང་མར་མཐུན་ལམ་གཏོང་གི་ཡོད་ཀྱང་། གཙོ་བོ་ད་ལྟའི་ཆར་གཞུང་འཛིན་ཡིན་པའི་འབར་མའི་གཞུང་དམག་གི་ཕྱོགས་ལ་འབྲེལ་འདྲིས་ཤུགས་ཆེ་བྱས་ཏེ་སོ་སོའི་འདོད་དོན་སྒྲུབ་ཐབས་བྱེད་ཀྱི་ཡོད་པ་རེད།