སོག་ཡུལ་རྒྱ་ནག་དང་ཨུ་རུ་སུའི་ཤུགས་རྐྱེན་འོག་ནས་ཐར་ཐབས།  

༄༅།། དུས་རབས་༡༣་པའི་ནང་དུ་ཆེན་པོ་ཧོར་གྱི་བཙན་རྒྱལ་ཚུགས་པ་འཐོར་ཞིག་ཕྱིན་པའི་རྗེས་སུ་སོག་ཡུལ་ནི་རྒྱ་ནག་དང་ཨུ་རུ་སུའི་ཤུགས་རྐྱེན་འོག་ནས་མ་ཐར། ལྷག་པར་དུ་དམར་ཤོག་གི་གསར་བརྗེ་ལངས་ཏེ་སོག་ཡུལ་ཨུ་རུ་སུའི་ཤུགས་རྐྱེན་འོག་ཏུ་ཡོངས་སུ་ཚུད་ཅིང་། ད་ལྟ་སོག་པོའི་གཞུང་གིས་རང་གི་རྒྱལ་ཁབ་དེ་རྒྱ་ནག་དང་ཨུ་རུ་སུའི་ཤུགས་རྐྱེན་འོག་ནས་ཐར་ཐབས་ཀྱི་འབད་བརྩོན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༨་པའི་ཚེས་༧་ཉིན་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ཟླ་༦་པའི་ཟླ་མཇུག་དེར་སོག་པོའི་སྲིད་བློན་ཨོ་ཡུན་ཨེར་ཏེ་ནེ་རྒྱ་ནག་ལ་འཚམས་འདྲིར་ཕེབས་ཏེ་པེ་ཅིང་གི་མི་དམངས་ཚོགས་ཁང་ཆེན་མོར་ཞིས་ཅིན་ཕིང་ལ་ཐུག་འཕྲད་གྲོས་མོལ་བྱུང་། རྒྱ་སོག་གི་དཔལ་འབྱོར་དང་ཚོང་ལས་ཡར་རྒྱས་གཏོང་རྒྱུའི་གྲོས་མཐུན་བཞག དུས་སྐབས་དེ་ཉིད་དུ་སོག་པོའི་གཞུང་འབྲེལ་མི་སྣ་ཚོས་རྒྱལ་ས་ཨུ་ལན་བྷ་ཏོར་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དཔལ་འབྱོར་འཕེལ་རྒྱས་དང་ནུས་ཤུགས། ཁོར་ཡུག་ཚན་པའི་དྲུང་ཆེ་འོག་མ་ཧོ་སེ་ཧྥར་ནན་ཌེ་ཛི་ལ་ཐུག་ནས་ས་གཏེར་དཀོན་པོ་སྔོག་འདོན་གྱི་མཉམ་འབྲེལ་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད།།

སྲིད་བློན་ཨོ་ཡུན་ཨེར་ཏེ་ནེས་མི་འབོར་ས་ཡ་༣.༤་ཡོད་པའི་རྒྱལ་ཁབ་དེ་སྐྱོང་བར་རྒྱ་ནག་དང་ཨུ་རུ་སུ་གཉིས་ལ་བསྟུན་དགོས་ཀྱང་སོག་པའི་གཞུང་གིས་ཉི་ཧོང་དང་ལྷོ་ཀོ་རི་ཡ། ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་འབྲེལ་བ་བཙུགས་ནས་སོག་ཡུལ་གྱི་དཔལ་འབྱོར་དང་ཚོང་ལས་བྱང་ཕྱོགས་ཀྱི་ཨུ་རུ་སུ་དང་ལྷོ་ཕྱོགས་ཀྱི་རྒྱ་ནག་འབའ་ཞིག་ལ་བརྟེན་མི་དགོས་པའི་ཐབས་ལམ་ཞིག་འཚོལ་འགོ་ཚུགས། གཟའ་འཁོར་སྔོན་མར་སོག་ཡུལ་གྱི་སྲིད་བློན་ཨོ་ཡུན་ཨེར་ཏེ་ནེ་ཨ་མི་རི་ཀར་འཚམས་འདྲིར་ཕེབས་ཏེ་ཕོ་བྲང་དཀར་པོར་སྲིད་འཛིན་གཞོན་པ་ཀ་མ་ལ་ཧེ་རི་སི་དང་ཕྱི་སྲིད་ལྷན་ཁང་དུ་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན། ཨ་རིའི་རྒྱལ་སྲུང་ལྷན་ཁང་དུ་རྒྱལ་སྲུང་དྲུང་ཆེ་ཨོ་སི་ཊོན་བཅས་ལ་ཐུག་འཕྲད་གྲོས་མོལ་བྱུང་ཞིང་། སོག་ཡུལ་གྱི་སྲིད་བློན་ནི་ཨ་མི་རི་ཀའི་ཧར་ཝར་ཌི་སློབ་ཆེན་ནས་སློབ་སྦྱོང་ཐོན། ཁོང་གིས་ཨ་རི་དང་སོག་ཡུལ་གཉིས་ཀྱི་མཁའ་དབྱིངས་སྒོ་འབྱེད་དང་ཟངས། གཞན་ཡང་དེ་མིན་གྱི་གཏེར་རྫས་རྣམས་སྔོག་འདོན་ཐད་མཉམ་འབྲེལ་བྱ་རྒྱུའི་གྲོས་མཐུན་བྱུང་ཡོད་ཅེས་བསྒྲགས།།

སྲིད་བློན་ཨོ་ཡུན་ཨེར་ཏེ་ནེས་ང་ཚོས་ཁྱིམ་མཚེས་ཨང་རིམ་གསུམ་པ་ཁག་ལ་འབྲེལ་བ་འཛུགས་ཀྱི་ཡོད། སོག་ཡུལ་གྱི་ཕྱི་སྲིད་དེ་བཏང་སྙོམས་ཤིག་འཛིན་རྒྱུ་ཧ་ཅང་གི་གནད་འགག་ཆེན་པོ་ཡིན། ང་ཚོའི་ཁྱིམ་མཚེས་ཨང་རིམ་གསུམ་པའི་རྒྱལ་ཁབ་ཁག་གི་གྲས་ནས་ཨ་མི་རི་ཀ་ཆེས་ཤིན་ཏུ་གལ་གནད་ཆེ་བའི་རྒྱལ་ཁབ་དེར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་ཝ་ཤིང་ཊོན་དུ་བཅའ་སྡོད་སོག་ཡུལ་གྱི་གཞུང་ཚབ་ཁང་དུ་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་གྱི་གསར་འགོད་པས་བཅར་འདྲི་ཞུས་པའི་དུས་སུ་ལན་འདེབས་བྱས་འདུག ད་སྔ་སོག་ཡུལ་གྱི་གློག་དང་ཉེར་མཁོའི་དངོས་ཟོག་ཐམས་ཅད་རྒྱ་ནག་གམ། ཡང་ན་ཨུ་རུ་སུ་ནས་ནང་འདྲེན་བྱེད་ཀྱི་ཡོད་མོད། འོན་ཀྱང་སོག་པོའི་གཞུང་གིས་རང་གི་ཐོན་སྐྱེད་རྣམས་རྒྱ་ནག་གི་གྲུ་ཁ་དང་མེ་འཁོར་ལྕགས་ལམ་སོགས་བརྒྱུད་ནས་འཛམ་གླིང་གི་ཁྲོམ་རའི་ནང་དུ་སྐྱེལ་འདྲེན་ཐུབ་རྒྱུའི་རེ་ལྟོས་བཅངས། ཨུ་རུ་སུའི་དམར་ཤོག་ལམ་ལུགས་ཉམས་པའི་རྗེས་སུ་སོག་ཡུལ་དམངས་གཙོར་གྱུར་ཀྱང་ཨུ་རུ་སུར་འབྲེལ་བ་ཡོངས་སུ་གཅོད་ཐུབ་མེད་པའི་གནས་ཚུལ་ཐོན་འདུག

ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་པར་མཉམ་འབྲེལ་རྒྱལ་ཚོགས་སུ་ཁ་རྡུང་གཏོང་བའི་གྲོས་ཆོད་བཞག་ཀྱང་སོག་པོའི་སྐུ་ཚབ་ཀྱིས་དམག་འཁྲུག་ལ་ངོ་རྒོལ་དང་རྒྱབ་སྐྱོར་གྱི་འོས་ཤོག་གང་ཡང་མ་འཕངས་པར་བར་གནས་སུ་བསྡད། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ལྟ་བ་མཁྲེགས་འཛིན་པ་ཁག་ཅིག་གིས་སོག་པོའི་གཞུང་དམངས་གཉིས་ཀས་རྒྱ་ནག་ལ་ཐད་ཀར་ཁ་གཏད་གཅོག་དགོས་ཞེས་ནན་གྱིས་བསྐུལ། སྲིད་བློན་ཨོ་ཡུན་ཨེར་ཏེ་ནེས་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀ་སོག་ཡུལ་ལ་ཉེན་ཁ་ཞིག་ཡིན་པ་དང་སོག་པོ་ཚོ་རྒྱ་ནག་ལ་སྡང་ཟུག་ཆེ་བ་བདེན་པ་རེད། ཨུ་རུ་སུ་དང་རྒྱ་ནག་གཉིས་སོག་ཡུལ་ལ་ས་མཚམས་འདྲེས་པའི་ཁྱིམ་མཚེས་ཡིན་པས་དེ་ལ་གཡོལ་ཐབས་བྲལ། སོག་ཡུལ་གྱི་ཆབ་སྲིད་ལམ་ལུགས་མ་འདྲ་བ་ཞིག་ཡིན་པ་དང་མི་དམངས་ཀྱིས་དམངས་གཙོ་བདམས་ཡོད་པ་ཨུ་རྒྱ་གཉིས་ཀྱིས་ཤེས་ཀྱི་རེད། གལ་སྲིད་འཛམ་གླིང་འདིར་གྲང་དམག་གསར་པ་ཞིག་ལངས་ན་རྦད་དེ་མ་འདྲ་བ་ཞིག་ལང་རྒྱུ་དང་གྲང་དམག་སྔོན་མ་ལས་ཀྱང་ཚབས་ཆེ་བ་ཞིག་ཏུ་འགྱུར་ཤས་ཆེ་ཞེས་བསྟན།།

ཕྱི་ཟླ་༨་པའི་ཚེས་༨་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། དེང་རབས་ཀྱི་འཕྲུལ་ཆས་བཟོ་སྐྲུན་བྱེད་པར་ས་གཏེར་དཀོན་པོ་མེད་ཐབས་མེད་པར་གྱུར། སྔ་ལོ་རྒྱ་ནག་གིས་ས་གཏེར་དཀོན་པོ་ཊོན་༢༡༠༠༠༠་ཕྱི་ལ་བཙོངས། ད་དུང་རྒྱ་ནག་ལ་ས་གཏེར་དཀོན་པོ་ཊོན་ས་ཡ་༤༤་བརྐོ་རྒྱུ་ཡོད་པ་དང་ཝི་ཏེ་ནམ་ལ་ས་གཏེར་དཀོན་པོ་ཊོན་ས་ཡ་༢༢་འདུག བྷར་ཛིལ་དང་ཨུ་རུ་སུ་གཉིས་ལ་ས་གཏེར་དཀོན་པོ་ཊོན་ས་༢༡་རེ་འདུག ཨ་མི་རི་ཀར་ས་གཏེར་དཀོན་པོ་ཊོན་ས་ཡ་༢.༣་ལས་མེད་ཀྱང་ཁོར་ཡུལ་སྲུང་སྐྱོབ་ཆེད་དུ་ས་གཏེར་དཀོན་པོ་འཚོལ་གྱི་མི་འདུག ༢༠༠༩་ལོར་ཨ་མི་རི་ཀའི་ས་ཁམས་བརྟག་དཔྱད་ཁང་གིས་སོག་ཡུལ་ལ་ས་གཏེར་དཀོན་པོ་ཊོན་ས་ཡ་༣༡་འདུག་ཅེས་སྙན་ཐོ་བཏོན། ད་ལྟ་ཨ་མི་རི་ཀ་དང་སོག་ཡུལ་གཉིས་ཀྱིས་མཁའ་དབྱིངས་སྒོ་འབྱེད་ཀྱི་གྲོས་མཐུན་བཞག་སྟེ་སོག་ཡུལ་གྱི་ས་གཏེར་དཀོན་པོ་ཨ་མི་རི་ཀས་སྔོག་འདོན་བྱེད་ཐུབ་པ་ཞིག་ཏུ་འགྱུར་སྲིད། རྒྱ་ནག་གི་དཔྱད་ཞིབ་པ་ཚོས་ཨ་མི་རི་ཀས་རྒྱ་ནག་ལ་ཚན་རིག་དང་འཕྲུལ་རིག་ལག་རྩལ་འགོག་གི་འདུག རྒྱ་ནག་གིས་ཨ་མི་རི་ཀར་ས་གཏེར་དཀོན་པོ་ཕྱིར་ཚོང་མ་བྱས་པར་ལན་པ་སློག་གི་ཡོད་ཀྱང་སོག་ཡུལ་དང་ཨ་རིའི་གྲོས་མཐུན་དེས་རྒྱ་ནག་གི་འཆར་གཞི་རྣམས་དཀྲུགས་སོང་ཞེས་ཁ་རྡུང་གཏོང་རྒྱུ་མགོ་བརྩམས།།

ཨ་རིའི་འགྲིམ་འགྲུལ་དང་སྐྱེལ་འདྲེན་དྲུང་ཆེ་བྷུ་ཊི་ཇཱེ་ཇཱི

ཕྱི་ཟླ་༨་པའི་ཚེས་༤་ཉིན་རྒྱལ་ས་ཝ་ཤིང་ཊོན་དུ་ཨ་རིའི་འགྲིམ་འགྲུལ་དང་སྐྱེལ་འདྲེན་དྲུང་ཆེ་བྷུ་ཊི་ཇཱེ་ཇཱི་དང་སོག་ཡུལ་གྱི་སྐྱེལ་འདྲེན་འཕེལ་རྒྱས་བློན་ཆེན་བྷི་ཡམ་དཔའ་ཚོགས་གསང་བདག་གཉིས་ཀྱིས་ཁ་དབྱིངས་སྒོ་འབྱེད་དང་འགྲིམ་འགྲུལ། སྐྱེལ་འདྲེན་རྒྱ་སྐྱེད། ཨ་རི་དང་སོག་པོའི་མི་དམངས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་དགོས་ཞེས་འཁོད་པའི་གྲོས་མཐུན་ལ་རྟགས་ཐེལ་ཕབ། ༡༩༩༢་ལོར་ཨ་མི་རི་ཀས་མཁའ་དབྱིངས་སྒོ་འབྱེད་ཀྱི་སྲིད་ཇུས་ལག་ལེན་བསྟར་པའི་རྗེས་སུ་རྒྱལ་ཁབ་༡༣༢་ཨ་མི་རི་ཀའི་ཟླ་གྲོགས་སུ་གྱུར། རྒྱ་ནག་དང་ཨུ་རུ་སུ་གཉིས་ཨ་མི་རི་ཀའི་མཁའ་དབྱིངས་སྒོ་འབྱེད་ཀྱི་ཚོང་ལས་ཁོངས་སུ་མཉམ་ཞུགས་མ་ཐུབ། ད་ལོའི་ཕྱི་ཟླ་ཕྱི་ཟླ་༨་པའི་ཚེས་༡་ནས་རྒྱ་ནག་གིས་གྷེ་ལི་ཡམ་སྟེ། ཧ་ཅང་ཞུ་སླ་བའི་ལྕགས་རིགས་ཀྱི་གཏེར་རྫས་དང་ཇཱར་མཱ་ཎི་ཡམ་ཞེས་པའི་གཏེར་རྫས་གཉིས་ཕྱིར་ཚོང་བྱ་རྒྱུ་བཀག དུས་སྐབས་དེར་སོག་ཡུལ་གྱི་སྲིད་བློན་ཨོ་ཡུན་ཨེར་ཏེ་ནེ་ཨ་མི་རི་ཀར་འཚམས་འདྲིར་འབྱོར་ཡོད་པས་རྒྱ་ནག་གི་ཉམས་ཞིབ་པ་ཚོས་སོག་པོའི་གཞུང་གིས་རྒྱ་ནག་ལ་བསམ་ཤེས་བྱས་མ་སོང་ཞེས་འཁང་ར་བཤད།།

ཕྱི་ཟླ་༨་པའི་ཚེས་༧་ཉིན་རྡོ་སྣུམ་རིན་གོང་དྲྭ་ཚིགས་སུ་གནས་ཚུལ་ཐོན་པ་ལྟར་ན། འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཁག་ས་གཏེར་དཀོན་པོ་བཙལ་ནས་བྲེལ། གོ་ལ་ཧྲིལ་པོ་ཉི་གློག་དང་རླུང་ཤུགས། འབག་བཙོག་མེད་པའི་ནུས་ཤུགས་ལ་བརྟེན་རྒྱུའི་ཕྱོགས་སུ་སྐྱོད་ཀྱི་ཡོད་པའི་མཚམས་འདིར་རླངས་འཁོར་ལ་སྣུམ་ལྡུག་མི་དགོས་པར་གློག་ཤུགས་ལ་བརྟེན་རྒྱུ་ནི་གཙིགས་སུ་འཛིན་པའི་ལས་དོན་ཞིག་ཏུ་གྱུར་མོད། འོན་ཀྱང་གློག་ཤུགས་ཀྱི་རླངས་འཁོར་བཟོ་བར་གློག་གཡིས་ཀྱི་རྒྱུ་ཆ་དང་བཟོ་གྲྭ སྐྱེལ་འདྲེན་སོགས་ཀྱི་རྨང་གཞིའི་མཐུན་རྐྱེན་རྣམས་འཛུགས་སྐྲུན་བྱ་དགོས། དེས་ན་འབྱོར་ལྡན་རྒྱལ་ཁབ་ཁག་གིས་གཏེར་རྫས་དཀོན་རིགས་རྣམས་ཁེར་སྡོམ་བྱས་ནས་རྒྱལ་སྤྱིའི་ཐོག་ཏུ་ས་ཁམས་ཆབ་སྲིད་ཀྱི་སྒྲོམ་གཞི་གསར་པ་ཞིག་ཚུགས་ཀྱི་འདུག ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ། རྒྱ་ནག་དང་ཨུ་རུ་སུ་བཅས་ཀྱིས་ལཱ་ཊིན་ཨ་མི་རི་ཀ་དང་ཨ་ཧྥི་རི་ཀ སོག་ཡུལ་དང་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ལ་ཚོང་འབྲེལ་བཙུགས་ནས་གཏེར་ཁ་དཀོན་རིགས་རྣམས་ཐོབ་ཐབས་བྱེད་ཀྱི་འདུག་ཅེས་གནས་ཚུལ་སྤེལ་འདུག

ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ད་ལོའི་ཕྱི་ཟླ་དང་པོའི་ནང་སོག་ཡུལ་གྱི་རྒྱལ་ས་ཨུ་ལན་བྷ་ཏོར་བཅའ་སྡོད་ཨ་རིའི་གཞུང་ཚབ་པས་སོག་ཡུལ་ནི་འགྱུར་སླ་བ་དང་ཕྱི་གསལ་ནང་གསལ་མེད་པ། ཚོད་དཔག་མི་ཐུབ་པ། སོག་ཡུལ་གྱི་ཁྲིམས་དང་སྒྲིག་གཞི་རྣམས་རུལ་སུངས་སུ་གྱུར་ཏེ་མ་རྩ་འཛུགས་ས་ཡག་པོ་ཞིག་མ་རེད། གལ་ཏེ་མ་རྩ་བཙུགས་ཀྱང་སོག་ཡུལ་ལ་དངོས་ཟོག་ཕར་འདྲེན་ཚུར་འདྲེན་བྱ་རྒྱུའི་སྐྱེལ་འདྲེན་དེ་ཧ་ཅང་གི་ཁག་པོ་རེད་ཅེས་བཀྲལ། ཡིན་ནའང་སོག་པོའི་གཞུང་གིས་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་དང་རྩ་ཁྲིམས་འགྱུར་བཅོས་བཏང་ནས་གྲོས་ཚོགས་རྒྱ་སྐྱེད། སོག་ཡུལ་གྱི་འོས་བསྡུའི་ལམ་ལུགས་ལ་འགྱུར་བ་བཏང་སྟེ་འཇར་མན་ཎི་དང་ནེའུ་ཛི་ལན་ཌི་ལྟ་བུ་ཞིག་ཏུ་སྒྱུར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། སྲིད་བློན་ཨོ་ཡུན་ཨེར་ཏེ་ནེས་འགྱུར་བཅོས་དེ་རྣམས་ལག་བསྟར་བྱས་པའི་རྗེས་སུ་སྲིད་གཞུང་གི་འཛིན་སྐྱོང་ཕྱི་གསལ་ནང་གསལ་དང་ཁེ་སང་ཆེ་བའི་གཏེར་ཁ་སྔོག་འདོན་གྱི་ཚོང་ལས་ལ་སྟངས་འཛིན་གཙང་མ་ཞིག་བྱེད་ཐུབ། སྔོན་ཆད་ང་ཚོར་ནོར་འཁྲུལ་བྱུང་ཡོད། ད་ལྟ་ང་ཚོས་སོག་ཡུལ་མ་རྩ་འཛུགས་ས་ཁོར་ཡུག་ཡག་པོ་ཞིག་ཏུ་སྒྱུར་ཐབས་བྱེད་ཀྱི་ཡོད་ཅེས་གསར་འགོད་པར་ལན་འདེབས་བྱས་འདུག