ཨུ་རུ་སུ་དང་རྒྱ་ནག་གི་འབྲེལ་བ་ལ་དམིགས་ཏེ་རྒྱ་གར་གྱི་སྲིད་བློན་ཨུ་རུ་སུར་ཕེབས་ཐོན།

ཨུ་རུ་སུ་དང་རྒྱ་ནག་གི་འབྲེལ་བ་ལ་དམིགས་ཏེ་རྒྱ་གར་གྱི་སྲིད་བློན་ཨུ་རུ་སུར་ཕེབས་ཐོན།

༄༅། །ཨུ་རུ་སུས་རྒྱ་གར་གྱི་དགྲ་ཁ་གཏད་རྒྱ་ནག་དང་འབྲེལ་བ་ཉེ་རུ་གཏོང་ཐབས་བྱེད་བཞིན་པའི་སྐབས་འདིར་རྒྱ་གར་གྱི་སྲིད་བློན་ནཱ་རན་དྷྲ་མོ་དྷི་རེས་གཟའ་ཟླ་བའི་ཉིན་ཨུ་རུ་སུར་ཉིན་གཉིས་རིང་རྒྱལ་དོན་འཚམས་གཟིགས་ལ་ཕེབས་ཀྱི་ཡོད་ཅིང་། རྒྱ་གར་གྱི་རྒྱལ་ས་དིལླིར་བརྟེན་གཞི་བྱས་པའི་ཆབ་སྲིད་དོན་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་བྱས་དོན་ལ་དེང་སྐབས་རྒྱ་གར་གྱིས་ཨ་རི་དང་འབྲེལ་ལམ་ཟབ་ཏུ་གཏོང་བཞིན་པ་དེས་རྒྱ་གར་དང་ཨུ་རུ་སུའི་དབར་གྱི་འབྲེལ་ལམ་ལ་དོ་ཕོག་མི་ཡོང་བར་དམིགས་ཏེ་སྲིད་བློན་མོ་དྷི་ཡིས་རེས་གཟའ་མིག་དམར་ཉིན་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་དང་མཇལ་མོལ་གནང་འཆར་ཡོད་རེད་ཅེས་འགྲེལ་བརྗོད་བྱས་འདུག དེ་བཞིན་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ཀཱ་ལིང་གྷ་ཉམས་ཞིབ་ལྟེ་གནས་ཁང་གི་དབྱེ་ཞིབ་པ་ཅིན་ཏ་མཱ་ཎི་ མཱ་ཧཱ་ པ་ཏྲས་བརྗོད་དོན་ལ། རྒྱ་གར་དང་ཨུ་རུ་སུ་གཉིས་དབར་གྱི་འབྲེལ་ལམ་དེ་ཧ་ཅང་གནད་འགག་ཆེན་པོ་ཡིན་པར་རྒྱ་གར་གཞུང་གིས་ངོས་འཛིན་གནང་གི་ཡོད་རེད་ཅེས་གསུངས་འདུག འདི་ག་རླུང་འཕྲིན་ཁང་ལ་གསལ་སྟོན་གནང་དོན་ལ་ སྲིད་འཛིན་ཕུ་ཊིན་གྱིས་སྣེ་ཁྲིད་པའི་ཨུ་རུ་སུ་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་བཟང་དུ་འགྲོ་ཡི་ཡོད་པ་དེས་རྒྱ་གར་ལ་གནོད་སྐྱོན་མི་ཡོང་བ་བཟོ་ཐབས་སུ་དམིགས་པ་ཞིག་རེད་ཅེས་ནན་བརྗོད་གནང་འདུག ཡང་ཁོང་གིས་གསུངས་དོན་ལ་ དེ་ལ་བརྟེན་ནང་རྒྱ་གར་གྱིས་ཨུ་རུ་སུའི་ཆེས་མཐོའི་མི་སྣ་དང་ཐུག་འཕྲད་གྲོས་མོལ་མུ་མཐུད་ནས་གནང་རྒྱུ་ཧ་ཅང་གལ་འགངས་ཆེན་པོ་རེད་ཅེས་འགྲེལ་བརྗོད་གནང་འདུག

ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་དཔུང་འཇུག་བྱེད་འགོ་ཚུགས་པའི་སྐབས་ནུབ་ཕྱོགས་རྒྱལ་ཁབ་རྣམས་དཔུང་བསྒྲིགས་ཀྱིས་ཨུ་རུ་སུའི་ཐོག་དཔལ་འབྱོར་དམ་བསྒྲགས་ཉེས་ཆད་བཏང་བའི་སྐབས་རྒྱ་གར་གྱིས་དེའི་ནང་མཉམ་བཞུགས་མ་བྱས་པ་མ་ཟད། ཨུ་རུ་སུས་ཡུག་རེན་ཐོག་བཙན་རྒོལ་བྱས་པ་དེའི་ཐོག་ལ་ཡང་སྐྱོན་བརྗོད་སོགས་གང་ཡང་མ་བྱས་པར་བར་བཞུགས་ཀྱི་ལང་ཕྱོགས་བཟུང་བའི་རྗེས་རྒྱ་གར་དང་ཨུ་རུ་སུའི་ཆེས་མཐོའི་འགོ་ཁྲིད་ཚོའི་དབར་ལྷན་འཛོམས་ཐོག་མ་དེ་ཆགས་རྒྱུ་རེད། གཞི་རྐང་ ཕྱི་ལོ་༢༠༠༠ཐམ་པ་ནས་བཟུང་རྒྱ་གར་དང་ཨུ་རུ་སུའི་འགོ་ཁྲིད་ཚོའི་དབར་ལོ་ལྟར་ལྷན་འཛོམས་གནང་སྲོལ་ཡོད་ནའང་། ཕྱི་ལོ་༢༠༢༡ལོའི་ནང་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་རྒྱ་གར་གྱི་རྒྱལ་ས་དིལླིར་སླེབས་པ་ནས་བཟུང་ད་བར་ཡུལ་གྲུ་གཉིས་ཀྱི་དཔོན་རིགས་ཚོའི་དབར་ཐུག་འཕྲད་གཅིག་ཀྱང་བྱུང་མེད།

རྒྱ་གར་གྱི་སྲིད་བློན་མོ་དྷི་ལོ་ལྔའི་ནང་ད་རེས་ཐེངས་དང་པོ་ཨུ་རུ་སུར་ཕེབས་ཀྱི་ཡོད་པ་དེ་ནི་རྒྱལ་ཁབ་གཉིས་དབར་འབྲེལ་ལམ་ཇེ་བཟང་དུ་གཏོང་ཐབས་སུ་དམིགས་པ་ཞིག་ཡིན་པའི་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད། རྩ་བའི་རྒྱ་གར་གྱིས་འཛམ་གླིང་གི་རྒྱལ་ཁབ་མང་པོ་ནས་དྲག་པོའི་ཡོ་ཆས་ཉོ་སྒྲུབ་བྱེད་ཀྱི་ཡོད་པར་མ་ལྟོས་པར་རྒྱ་གར་གྱིས་རང་གི་དྲག་པོའི་མཚོན་ཆ་མང་ཆེ་བ་ཉོ་ཡུལ་ནི་ཨུ་རུ་སུ་ཡིན་ཅིང་། ད་ལྟའི་ཆར་རྒྱ་གར་གྱི་རྒྱལ་སྲུང་དྲག་པོའི་ཡོ་ཆས་གསུམ་ཆ་གཅིག་ཨུ་རུ་སུ་ནས་ཡོང་གི་ཡོད་རེད། ལོ་ལྔའི་གོང་དུ་ཨུ་རུ་སུའི་དྲག་པོའི་ཡོ་ཆས་གསུམ་གཉིས་རྒྱ་གར་ལ་ཚོང་འགྲེམས་བྱས་ཡོད་པ་དང་། ཨུ་རུ་སུས་ཡུག་རེན་ལ་དམག་འཐབ་འགོ་འཛུགས་བྱས་པ་ནས་བཟུང་ཡུལ་དེར་མཚོན་ཆ་ཚོང་འགྲེམས་བྱ་རྒྱུ་འདང་ངེས་མེད་པའི་བློ་འཚབ་བྱེད་གཞི་ཆགས་ཡོད། ད་ལམ་རྒྱ་གར་གྱི་སྲིད་བློན་མོ་དྷི་ཨུ་རུ་སུར་ཆེད་ཕེབས་གནང་གི་ཡོད་པ་དེ་ནི་སྲིད་འཛིན་པུ་ཊིན་ལ་ཧ་ཅང་གནད་འགག་ཆེན་པོ་ཆགས་ཀྱི་ཡོད་ཅེས་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་ཀྱི་ཡོད། ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པ་ཀུར་ཌ་ ཀེ་བྷལ་གྱིས་རྒྱ་གར་གྱིས་ཨུ་རུ་སུ་དང་དམག་དོན་དང་འཕྲུལ་རིག་འབྲེལ་བ་བྱེད་ཀྱི་ཡོད་པ་དེར་ཨ་རིས་སེམས་ཚབས་བྱེད་ཀྱི་ཡོད་ནའང་། གལ་ཆེའི་གནད་དོན་ཐོག་རྒྱ་གར་གྱིས་ཨ་རི་དང་མཉམ་ལས་མདུན་བསྐྱོད་བྱ་རྒྱུར་ཨ་རིས་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་འདུག

གསར་འགོད་པ་པ། ཀུན་བཟང་སྒྲོལ་མ།

ཞུ་དག་གཏོང་མཁན། རྩོམ་སྒྲིག་པ་རྣམ་རྒྱལ་ཤཱསྟྲཱི།