ཨིས་རལ་དང་ཧེཛ་བྷོ་ལ་གཉིས་ཀྱིས་མེ་ཤུགས་འཕུར་མདེལ་གཏོར་རྒོལ་བྱེད་རེས་བྱས།

ཨིས་རལ་དང་ཧེཛ་བྷོ་ལ་གཉིས་ཀྱིས་མེ་ཤུགས་འཕུར་མདེལ་གཏོར་རྒོལ་བྱེད་རེས་བྱས།

ཨིས་རལ་གྱིས་བཤད་གསལ་ལ་ལེ་བ་ནན་གྱི་ཁ་ཆེའི་དྲག་སྤྱོད་ཤོག་ཁ་ཧེཛ་བོ་ལས་རེས་གཟའ་ཉི་མའི་ཉིན་ཨིས་རལ་ལ་མེ་ཤུགས་འཕུར་མདེལ་གྱིས་གཏོར་རྒོལ་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་པའི་སྐབས་དེར་ཨིས་རལ་གྱིས་སྔོན་ཚུད་ནས་ཕར་རྒོལ་བྱས་འདུག ཨིས་རལ་གྱིས་དེ་ལྟར་བཤད་ཡོད་པའི་ལན་དུ་ལེབ་ནན་གྱི་དྲག་སྤྱོད་ཤོག་ཁ་དེས་ཨིས་རལ་ལ་མེ་ཤུགས་འཕུར་མདེལ་དང་། མི་མེད་འཕུར་འཁོར་ཀྲོན་བརྒྱ་ཕྲག་མང་པོས་གཏོར་རྒོལ་བྱས་ཏེ་ཟླ་བ་སྔོན་མར་ཨིས་རལ་གྱིས་ཧེཛ་བོ་ལའི་དམག་དཔོན་ལྟེ་བ་གཅིག་རྐྱེན་ལམ་དུ་བཏང་ཡོད་པ་དེའི་དགྲ་ལན་སློག་པ་ཡིན་ཞེས་བཤད་འདུག

ཨིས་རལ་དང་ཧེཛ་བོ་ལ་གཉིས་ཕན་ཚུན་ལ་གཏོར་རྒོལ་ཤུགས་ཆེ་བྱེད་རེས་བྱས་པ་དེས་ད་ལྟའི་ཆར་དཀྱིལ་ཤར་མངའ་ཁུལ་དུ་དུས་ཡུན་རིང་བའི་དམག་འཁྲུག་འགོ་འཛུགས་བྱས་པ་མངོན་གྱི་མེད་རུང་། མངའ་ཁུལ་དེའི་གནས་སྟངས་ཛ་དྲག་ཅན་ཞིག་ལ་གྱུར་ཡོད་པ་གསལ་པོ་ཡིན་པ་དང་། ཟླ་བ་བཅུ་ཕྱིན་པའི་ཨིས་རལ་དང་ཧ་མས་གཉིས་དབར་གྱི་དམག་འཁྲུག་དེ་གནས་སྐབས་རིང་བར་མཚམས་བཞག་ཐུབ་པ་ཡིན་ན། དཀྱིལ་ཤར་མངའ་ཁུལ་གྱི་འཁོན་འཛིན་དེ་ཞི་འཇམ་དུ་འགྲོ་རྒྱུའི་རེ་བ་ཡོད་པས་ཨི་ཇིབྚ་ནང་ཨ་རི་དང་། ཀ་ཏར། ཨི་ཇིབྚ་གསུམ་གྱི་སྐུ་ཚབ་ཚོས་རེས་གཟའ་ཉི་མའི་ཉིན་མེ་འཕེན་མཚམས་འཇོག་ཡོང་རྒྱུའི་གྲོས་མོལ་བྱས་འདུག

ཨིས་རལ་གྱི་དམག་མིས་ཁ་ཆེའི་དྲག་སྤྱོད་ཤོག་ཁ་ཧེཛ་བོ་ལས་ཨིས་རལ་ལ་མེ་ཤུགས་མདེལ་གྱི་གཏོར་རྒོལ་ཤུགས་ཆེ་བྱེད་རྩིས་བྱེད་ཀྱི་ཡོད་པས་ཧིཛ་བོ་ལའི་ཐོག་སྔོན་ཚུད་ནས་གཏོར་རྒོལ་བྱས་པ་ཡིན་ཞེས་བཤད་འདུག ཨིས་རལ་གྱིས་དེ་ལྟར་བཤད་མ་ཐག་ཧེཛ་བོ་ལས་ཨིས་ཪལ་གྱིས་ཟླ་བ་སྔོན་མ་ཤོག་ཁ་དེ་ཐོག་མ་འགོ་འཛུགས་བྱེད་མཁན་ཕ་ཧུད་ཤ་ཀུར་རྐྱེན་ལམ་དུ་བཏང་ཡོད་པའི་ལན་དུ་ཨིས་རལ་གྱི་དམག་སྒར་ཁག་གཅིག་ལ་གཏོར་རྒོལ་བྱས་པ་ཡིན་ཞེས་བཤད་འདུགག ཨིས་རལ་གྱིས་ཧེཛ་བོ་ལར་གཏོར་རྒོལ་བྱས་པ་དེས་ལེ་བ་ནན་ནང་ཉུང་མཐར་མི་གསུམ་ལ་སྲོག་སྐྱོན་བྱུང་འདུག འོན་ཀྱང་ཨིས་རལ་ནང་སྲོག་སྐྱོན་བྱུང་བའི་གནས་ཚུལ་གང་ཡང་ཐོན་མེད།

སྲིད་བློན་ནེ་ཏན་ཡ་ཧུས་རེས་གཟའ་ཉི་མའི་ཉིན་བཀའ་ཤག་ལྷན་འཛོམས་སར་ཧཻཛ་བོ་ལས་ཨིས་རལ་གྱི་བྱང་ཕྱོགས་ཁུལ་དུ་མེ་ཤུགས་འཕུར་མདེལ་སྟོང་ཕྲག་མང་པོས་གཏོར་རྒོལ་བྱས་འདུག་པ་དེ་ཚོ་ཨིས་རལ་གྱི་དམག་མིས་བར་སྣང་དུ་གཏོར་བཤིགས་བཏང་ཐུབ་པ་བྱུང་འདུག ཨིས་རལ་གྱི་མི་མང་ཚོས་དམག་མིས་ཉེན་བརྡ་བཏང་བ་དང་ལམ་སྟོན་བྱས་པ་དེ་ཚོར་ཉན་འཇོག་ཡག་པོ་བྱེད་དགོས་རེད་ཅེས་གསུངས་འདུག

ཨིས་རལ་གྱི་དམག་དཔོན་ན་རྡབ་ཀྱིས་རེས་གཟའ་ཉི་མའི་ཉིན་གསར་འགོད་པ་ཚོར་བཀའ་མོལ་གནང་སྐབས་ཧེཛ་བོ་ལས་ཨིས་རལ་བྱང་ཕྱོགས་དང་དབུས་ཕྱོགས་ཁུལ་ལ་གཏོར་རྒོལ་བྱེད་རྩིས་བྱས་འདུག་ཀྱང་། ད་ལྟ་བར་དུ་གཏོར་སྐྱོན་བྱུང་བའི་གནས་ཚུལ་རེ་ཟུང་ལས་བྱུང་མི་འདུག ཨིས་རལ་གྱིས་སོ་སོའི་མཁའ་དམག་གནམ་གྲུ་༡༠༠ཙམ་གློད་གཏོང་བྱས་ཏེ་ཧེཛ་བོ་་ལའི་བསྟི་གནས་ཁག་གི་ལ་གཏོར་རྒོལ་བྱས་ཡོད་ཅེས་གསུངས་འདུག

ཧེཛ་བོ་ལས་བཤད་གསལ་ལ། ཁོང་ཚོས་མེ་ཤུགས་འཕུར་མདེལ་ཀ་ཏུ་ཤ་༣༢༠ཙམ་བཏང་སྟེ་ཨིས་རལ་ལ་གཏོར་རྒོལ་བྱས་འདུག ཧེཛ་བོ་ལས་ཨིས་རལ་ལ་གཏོར་རྒོལ་རིམ་པ་དང་པོ་དེ་འཇུག་བསྒྲིལ་བྱས་པ་ཡིན་ཞེས་བཤད་འདུག

ཨ་རིའི་སྲུང་སྐྱོབ་དྲུང་ཆེ་ཨོས་ཌིན་གྱིས་རེས་གཟའ་ཉི་མའི་ཉིན་ཨིས་རལ་གྱི་སྲུང་སྐྱོབ་བློན་ཆེན་ལྷན་དུ་བཀའ་གྲོས་གནང་འདུག་པ་དང་། ཨ་རིའི་ས་མཚོ་གནམ་གསུམ་གྱི་ཟུང་སྦྲེལ་སྤྱི་ཁྱབ་དམག་དཔོན་བྷྲཱ་འུན་གྱིས་ཛ་རཱ་ཡེལ་དང་། ཨི་ཇིབྚ། ཇོར་ཌེན་བཅས་ལ་གཟིགས་སྐོར་ལ་ཕེབས་ཐོན་གི་ཡོད་པ་དང་། དཀྱིལ་ཤར་མངའ་ཁུལ་གྱི་འཁོན་འཛིན་ཇེ་ཆེར་འགྲོ་ཉེན་ཡོད་པར་གཟིགས་ཏེ་འདས་པའི་བདུན་ཕྲག་ཁ་ཤས་ཀྱི་ནང་ཨ་རི་དང་། ཡུ་རོབ་ཀྱི་ཕྱི་འབྲེལ་ཐབས་བྱུས་ཀྱི་དཔོན་རིགས་མང་པོ་ཞིག་དཀྱིལ་ཤར་མངའ་ཁུལ་ལ་གཟིགས་སྐོར་གནང་སྟེ་འཁོན་འཛིན་ཞོད་འཇགས་ཐུབ་ཐབས་སྐོར་ལ་བཀའ་གྲོས་གནང་འདུག

དེའི་བར་ན། ལེ་བ་ནན་སོགས་དཀྱིལ་ཤར་མངའ་ཁུལ་གྱི་གནས་སྟངས་ཛ་དྲག་ཏུ་འགྲོ་ཡི་ཡོད་པའི་རྐྱེན་གྱིས་ཇོ་ཌན་ལ་སོགས་རྒྱལ་ཁབ་ཁག་ཅིག་གིས་ལེ་བ་ནན་གྱི་རྒྱལ་ས་བྷེ་རུཊ་ལ་ཞི་བའི་འགྲུལ་བསྐྱེལ་གནམ་གྲུ་འཕུར་མཚམས་བཞག་པའི་གནས་ཚུལ་ཐོན་འདུགག

ཨེ་པི་གསར་ཁང་ནས་བཏུས།

གསར་འགོད་པ། ཕུན་ཚོགས་ཚེ་རིང་།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྱཱི།