རྒྱ་ནག་ནང་ནད་དུག་གཙང་སེལ་ཞེས་པའི་སྲིད་ཇུས་ཐལ་ཆ་ཆེ་བ་དེ་བཞིན་ལྷོད་ཡངས་བཏང་ནས་བདུན་ཕྲག་གཉིས་ཙམ་འགོར་གི་ཡོད་པ་དང་བསྟུན། ཉེ་དུས་རྒྱ་ནག་གི་རྒྱལ་ཡོངས་སུ་ནད་དུག་འགོས་མཁན་གྱི་ནད་པའི་གྲངས་འབོར་ཤུགས་ཆེ་ཡར་འཕར་བཞིན་ཡོད་ཅིང་། རྒྱལ་སྤྱིའི་གསར་ལམ་ཁག་དང་རྒྱ་ནག་ནང་གི་སྤྱི་ཚོགས་དྲ་ལམ་ཁག་ནས་རྒྱ་ནག་གྲོང་ཁྱེར་ཆེ་ཁག་གི་སྨན་ཁང་དང་པུར་བཞུས་ཁང་སོགས་ཀྱི་ནང་ནད་དུག་གི་རྐྱེན་ལས་འདས་གྲོངས་སུ་ཕྱིན་པའི་ནད་པའི་ཕུང་པོ་མང་པོ་ཐོན་བཞིན་ཡོད་པའི་གནས་ཚུལ་སྤེལ་འདུག ཐེ་ཝན་གྱི་འཕྲོད་བསྟེན་ཆེད་མཁས་པ་ཐུའུ་ཤིན་ཀྲེང་གིས་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་ལས་འཆི་སྐྱོན་བྱུང་བའི་གྲངས་འབོར་བརྒྱ་ཆའི་༩༠ ཙམ་གྱི་སྦས་གསང་བྱས་ཡོད་སྲིད་པ་རེད་ཅེས་འདི་གར་ཨ་རིའི་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ལ་འགྲེལ་བརྗོད་བྱས་འདུག
ཡིན་ན་ཡང་རྒྱ་ནག་གཞུང་འབྲེལ་གྱིས་ནད་ཡམས་དམ་དྲག་ལྷོད་ཡངས་བཏང་བའི་རྗེས་ནས་ད་བར་ཁྱོན་ནད་པ་བདུན་མ་གཏོགས་འདས་གྲོངས་སུ་ཕྱིན་མེད་ཚུལ་དྲིལ་བསྒྲགས་བྱས་ཡོད། དེ་ནི་ད་ལྟ་ཕུང་པོ་སྟོང་ཕྲག་མང་པོ་པུར་བཞུས་ཁང་སྒོ་ཁར་བང་བསྒྲིགས་ནས་སྒུག་བསྡད་ཡོད་པའི་གནས་ཚུལ་དང་ཁྱད་པར་ཆེན་པོ་ཤོར་ཡོད། རྒྱ་ནག་གི་སྤྱི་ཚོགས་དྲ་ཚིགས་ཝེ་པོ་དང་སྐད་འཕྲིན་སོགས་ཀྱི་ནང་། མི་ཚོས་སོ་སོའི་ཁྱིམ་གྱི་ནང་མི་དང་ཡང་ན་ལས་གྲོགས་ཚང་མ་ལ་ནད་དུག་འགོས་ཡོད་ཚུལ་བརྒྱུད་སྤེལ་བྱེད་བཞིན་ཡོད་པ་མ་ཟད། འགའ་ཤས་ཀྱིས་དྲ་རྒྱའི་ལྕགས་རི་བརྒལ་ཏེ་ཊིག་ཊར་དྲ་ཚིགས་སུ་རྒྱ་ནག་གི་ནད་དུག་ཁྱབ་གདལ་གྱི་དོན་དངོས་གནས་ཚུལ་དག་བརྙན་ཐུང་གི་ལམ་ནས་ཕྱིར་སྤེལ་བྱས་འདུག བརྙན་ཐུང་དེ་དག་གི་ནང་རྒྱ་ནག་གི་ནད་དུག་འགོས་པའི་ནད་པ་མང་པོ་ཞིག་སྨན་ཁང་སྒོ་ཁར་བང་བསྒྲིགས་ནས་སྒུག་བསྡད་ཡོད་པ་དང་། སྨན་ཁང་གི་ཕུང་པོ་འཇོག་ས་ལ་ཕུང་པོ་༥༠ ཙམ་བཞག་ཡོད་པ། སྨན་ཁང་ཆེ་ཆུང་ཚང་མའི་ནང་ཆམ་ནད་དང་ཚ་བ་འཇོམ་བྱེད་ཀྱི་སྨན་ཡོད་ཚད་བཙོང་ཚར་ཡོད་པ་སོགས་མཐོང་རྒྱུ་འདུག ཝེ་པོ་དྲ་ཚིགས་ཐོག་རྒྱ་མི་ཞིག་གིས། ད་ལྟ་ཧེ་པེ་དང་པེ་ཅིང་གི་པུར་བཞུས་ཁང་ནང་ཉེ་ཆར་གསར་དུ་ཐོན་པའི་ཕུང་པོའི་གྲངས་འབོར་དེ་ནམ་རྒྱུན་ལས་ཧ་ལམ་ལྡབ་བཞི་ཇེ་མང་ཕྱིན་ཡོད་ཚུལ་སྤེལ་འདུག གཞན་པེ་ཅིང་ལ་གནས་འཁོད་བྷི་བྷི་སི་གསར་ཁང་གི་གསར་འགོད་པ་སཱི་ཏི་ཧྥན་མ་ཁཱེ་རྡང་ནེལ་གྱིས་ཊིག་ཊར་དྲ་ལམ་ཐོག་ལ། མི་འབོར་བྱེ་བ་གཉིས་ལྷག་ཡོད་པའི་པེ་ཅིང་གྲོང་ཁྱེར་ཏུ་ནད་དུག་འགོས་མཁན་བྱེ་བ་གཅིག་བརྒལ་ཡོད་པ་དང་། མ་གཞི་སྨན་བཅོས་ཆ་རྐྱེན་བལྟོས་བཅས་ཀྱི་ཡག་པོ་ཡིན་པའི་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་དུ་ཡང་དེང་སང་འཕྲོད་བསྟེན་ཐད་ནས་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་སོགས་བཀོད་འདུག
ཡིན་ན་ཡང་ཉེ་དུས་རྒྱ་ནག་གཞུང་འབྲེལ་གྱིས་སྤེལ་བའི་ནད་པའི་གྲངས་འབོར་དེ་ཇེ་མང་འགྲོ་རྒྱུའི་ཚབ་ལ་ཧ་ལས་པ་ཇེ་ཉུང་ཕྱིན་ཡོད་ཅིང་། བདུན་ཕྲག་འདིའི་གཟའ་ཟླ་བ་སྟེ་ཚེས་༡༩ ཉིན་གཞི་ནས་ནད་པ་གཉིས་འདས་གྲོངས་སུ་ཕྱིན་ཡོད་ཚུལ་ཕྱིར་སྤེལ་བྱས་ཡོད། རྒྱ་ནག་འཕྲོད་བསྟེན་ལས་ཁུངས་ཀྱིས་སྤྱི་ཟླ་༡༢ པའི་ཚེས་༢༠ ཉིན་ལ། རྒྱ་ནག་ནང་ད་ཕན་ཁྱོན་ནད་པ་༣༧༡༡༡ གཏན་ཁེལ་བྱུང་ཡོད་ཅིང་། དེའི་ནང་ནད་པ་ལྗིད་མོ་ཡིན་མཁན་༣༢༩ ། ད་ཕན་འདས་གྲོངས་སུ་ཕྱིན་མཁན་༥༢༤༡ བྱུང་འདུག དེའི་ནང་སྤྱི་ཟླ་༡༢ པའི་ཚེས་༡༨ ཉིན་ལ་ནད་པ་གཉིས་འདས་གྲོངས་སུ་ཕྱིན་ཡོད་པ་དང་དེ་བཞིན་ཚེས་༡༩ ཉིན་ནད་པ་ལྔ་འདས་གྲོངས་སུ་ཕྱིན་ཏེ། གང་ལྟར་འདས་པའི་བདུན་ཕྲག་གཉིས་ཀྱི་རིང་ཁྱོན་ནད་པ་བདུན་འདས་གྲོངས་སུ་ཕྱིན་ཡོད་ཚུལ་བསྒྲགས་འདུག
པེ་ཅིང་གྲོང་ཁྱེར་ཉེ་འཁོར་གྱི་པུར་བཞུས་ཁང་གི་མིང་བརྗོད་འདོད་མེད་པའི་བུད་མེད་ལས་བྱེད་ཅིག་གིས་ཚེས་༢༡ སྟེ་གཟའ་ལྷག་པའི་ཉིན་ཨ་རིའི་རླུང་འཕྲིན་ཁང་ལ་བརྗོད་དོན། པུར་བཞུས་ཁང་དེའི་ནང་གཤིན་པོའི་ཕུང་པོ་མེ་བསྲེག་གཏང་རྒྱུ་ལོ་རྗེས་མའི་སྤྱི་ཟླ་དང་པོའི་ཚེས་གཅིག་ཉིན་གྱི་བར་དུ་དུས་ཚོད་བཟོས་ཚར་ཡོད་པ་དང་། ད་ལྟ་པུར་བཞུས་ཁང་དེ་ལ་ཕུང་པོ་ག་ཚོད་ཙམ་བཞག་ཡོད་པ་ཁོ་མོས་འགྲེལ་བརྗོད་བྱས་མེད་ཀྱང་། ཝོ་སི་ཊྲི་ཉིན་རེའི་ཚགས་ཤོག་དང་། རེ་ཊྲེ་སིའི་གསར་ཁང་སོགས་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ད་ལྟ་པེ་ཅིང་ཉེ་འཁོར་གྱི་པུར་བཞུས་ཁང་དེའི་ཕུང་པོ་བསྲེག་སའི་མེ་ཐབ་བརྒྱད་པོ་ཆུ་ཚོད་༢༤ རིང་ལ་ལས་ཀ་བྱེད་བསྡད་ཡོད་པ་དང་། མ་གཞི་ཉིན་རེ་རེ་ལ་ཕུང་པོ་༣༠ ནས་༤༠ བར་བསྲེག་གི་ཡོད་ཀྱང་། ད་ཆ་ཉིན་རེ་རེར་ཕུང་པོ་༢༠༠ ཡས་མས་བསྲེག་བཞིན་ཡོད་པ་རེད། དེ་ལྟར་ཡིན་དུས་པུར་བཞུས་ཁང་གཅིག་གི་ནང་ཉུང་མཐར་ཡང་ཕུང་པོ་༢༠༠༠ ལྷག་བསྲེག་རྒྱུར་སྒུག་བསྡད་ཡོད་པ་ཞིག་རེད།
པེ་ཅིང་སློབ་ཆེན་གྱི་སྨན་ཁང་གི་འགོས་ནད་ཚན་པའི་འགན་འཛིན་ཝང་ཀའེ་ཆང་གིས་ཚེས་༢༠ ཉིན་གྱི་གསར་འགོད་གསལ་བསྒྲགས་སྐབས་སུ། འདས་གྲོངས་སུ་ཕྱིན་པའི་ནད་པ་དེ་ཚོ་ཏོག་དབྱིབས་ནད་དུག་གིས་རྐྱེན་པས་འདས་གྲོངས་སུ་ཕྱིན་ཡོད་མེད་ཀྱི་ཚད་གཞི་དེ་ག་འདྲ་འཛིན་དགོས་པའི་སྐོར་གྱི་དྲི་བར་ལན་འདེབས་བྱས་དུས་བརྗོད་དོན། དེང་སྐབས་ཨོ་མི་ཁེ་རུང་ནད་དུག་རིགས་དེས་གཙོ་བོ་དབུགས་ལམ་སྟོད་ལས་དབུགས་ལམ་སྨད་ལ་གནོད་སྐྱོན་དེ་ཙམ་ཆེན་པོ་མེད་པས་ནད་པ་ཚོ་ལ་དབུགས་འགག་འགྲོ་བའི་གནས་ཚུལ་ཧ་ལས་པ་ཉུང་ཉུང་རེད། ད་ལྟ་འདས་གྲོངས་སུ་ཕྱིན་མཁན་ཚོ་ནི་གཙོ་བོ་ནད་གཞི་གཞན་པས་རྐྱེན་ལས་འདས་གྲོངས་སུ་ཕྱིན་ཡོད་པ་ལས་ཨོ་མི་ཁེ་རུང་ཞེས་པའི་ནད་དུག་གི་རྐྱེན་ལས་འདས་གྲོངས་སུ་ཕྱིན་པ་ཞིག་མ་རེད་ཅེས་བརྗོད་འདུག ཐེ་ཝན་གྱི་འཕྲོད་བསྟེན་ཆེད་མཁས་པ་ཐུའུ་ཤིན་ཀྲེང་གིས། གལ་སྲིད་རྒྱ་ནག་གི་འདས་གྲོངས་སུ་ཕྱིན་པའི་ཚད་གཞི་དེ་ནད་གཞི་གཞན་དག་མེད་མཁན་ཚོ་གཅིག་པུ་བརྩི་ན། དེ་ནི་རྒྱལ་སྤྱིའི་ཚད་གཞི་ལྟར་བརྩིས་པ་ཡིན་ན་རྒྱ་ནག་གི་ནད་པ་འདས་གྲོངས་སུ་ཕྱིན་པའི་གྲངས་འབོར་དེ་རྒྱལ་ཁབ་གཞན་ལས་བརྒྱ་ཆའི་༧༥ ཙམ་གྱི་ཚོད་དཔག་ཉུང་བ་བྱས་པ་རེད་ཅེས་བརྗོད་འདུག
གཞན་ཡང་ཆེད་མཁས་པ་ཐུའུ་ཤིན་ཀྲེང་གིས་བཏོན་པའི་སྙན་ཐོ་ཞིག་ལས། ༢༠༢༠ ལོའི་ལོ་མགོར་ཨ་མི་རི་ཀའི་ནིའུ་ཡོག་གྲོང་ཁྱེར་ནང་ཏོག་དབྱིབས་ནད་དུག་ཕོག་ནས་འདས་གྲོངས་སུ་ཕྱིན་པའི་མི་འབོར་༡༥༢༣༠ ནང་ནས་མི་༡༡༣༧༠ ཙམ་ལ་ནད་གཞི་གཞན་པ་ཡོད་མཁན་ཡིན་པ་དང་། དེ་ནི་སྤྱི་འབོར་ལས་བརྒྱ་ཆ་༧༥ ཙམ་ཟིན་ཡོད་ཅིང་། ཏོག་དབྱིབས་ནད་དུག་གཅིག་པུའི་རྐྱེན་ལས་འདས་གྲོངས་སུ་ཕྱིན་མཁན་གྲངས་འབོར་བརྒྱ་ཆ་༠.༧ ཏེ་མི་༩༩ ཙམ་ལས་མེད་པ་དང་། གཞན་མི་༣༠༠༠ ལྷག་དེ་ནད་གཞི་གཞན་ཡོད་མེད་ཤེས་རྟོགས་གསལ་པོ་བྱུང་མེད་པ་རེད། དེ་བཞིན་དུ་ཐེ་ཝན་ནང་ད་ལོའི་སྤྱི་ཟླ་༥ པའི་བར་དུ་ནད་དུག་གིས་རྐྱེན་པས་འདས་གྲོངས་སུ་ཕྱིན་མཁན་ནང་ནས་མི་བརྒྱ་ཆ་༧༤ ལ་ནད་གཞི་གཞན་པ་དང་ཡང་ན་ནད་རྙིང་པ་ཡོད་མཁན་ཤ་སྟག་ཡིན་པ་བཀོད་འདུག
ཐུའུ་ཤིན་ཀྲེང་གིས་རྒྱ་ནག་ནང་ནད་ཡམས་སྲིད་ཇུས་ཕྱིར་འཐེན་བྱས་རྗེས། ནད་དུག་དེ་བཞིན་གཞི་ནས་ཁྱབ་གདལ་ཕྱིན་འགོ་ཚུགས་པ་ཞིག་རེད། དེའི་ཐོག་ལ་ད་ལྟ་དགུན་དུས་ཚེས་ཀྱི་ཡོད་པས་འདས་གྲོངས་སུ་ཕྱིན་མཁན་ཡང་ཇེ་མང་འགྲོ་རྒྱུ་གཏན་ཁེལ་རེད། ད་ལྟ་རྒྱ་ནག་གི་པུར་བཞུས་ཁང་ནང་གི་ཕུང་པོའི་གྲངས་འབོར་དང་། རྒྱ་ནག་ནང་༢༠༢༡ ལོ་ཧྲིལ་པོའི་ནང་མི་བྱེ་བ་གཅིག་དང་འབུམ་གཅིག་ཁྲི་བཞི་ལྷག་འདས་གྲོངས་སུ་ཕྱིན་པའི་གྲངས་འབོར་དེ་གཉིས་ལས། རྒྱ་ནག་ནང་ཏོག་དབྱིབས་ནད་དུག་གིས་རྐྱེན་པས་འདས་གྲོངས་སུ་ཕྱིན་མཁན་གྱི་གྲངས་འབོར་ངོ་མ་དེ་ཤེས་རྟོགས་བྱུང་ཐུབ་ཀྱི་རེད་ཅེས་བརྗོད་འདུག དེ་བཞིན་ཨ་རིར་གནས་སྡོད་རིམས་ནད་དང་འཕྲོད་བསྟེན་སྐོར་གྱི་ཆེད་མཁས་པ་ཏིང་ལིའང་གིས་ཀྱང་འབྱུང་འགྱུར་ཟླ་བ་གསུམ་གྱི་རིང་རྒྱ་ནག་ནང་མི་འབོར་བརྒྱ་ཆ་༦༠ ལྷག་སྟེ་ཧ་ལམ་མི་དུང་ཕྱུར་བརྒྱད་དང་བྱེ་བ་བཞི་ལྷག་ལ་ནད་དུག་འགོས་རྒྱུ་ཡིན་པ་དང་མི་ས་ཡ་མང་པོ་འདས་གྲོངས་སུ་འགྲོ་རྒྱུ་རེད་ཅེས་ཉེན་བརྡ་བཏང་འདུག