ལི་ཛི་ཆེ་ཎི་སྲིད་འཛིན་འོས་བསྡུར་ཞུགས་རྒྱུའི་བསམ་ཞིབ།

༄༅།། ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཟུར་པ་ལི་ཛི་ཆེ་ཎིས་ང་སྲིད་དོན་ཚོགས་པ་གསུམ་པ་ཞིག་གི་ངོས་ནས་སྲིད་འཛིན་འོས་མིར་ལང་དགོས་མིན་བསམ་ཞིབ་བྱེད་ཀྱི་ཡོད། ངས་ཅི་ཞིག་བསྒྲུབ་དགོས་ཀྱང་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ཕོ་བྲང་དཀར་པོར་ཕྱིར་ལོག་མི་ཐུབ་པ་ཞིག་བྱ་རྒྱུའི་འབད་བརྩོན་བྱ་འཆར་ཡོད་ཅེས་བསྒྲགས། ཕྱི་ཟླ་༡༢་པའི་ཚེས་༥་ཉིན་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་རྒྱབ་སྐྱོར་བ་ཚོས་ལི་ཛི་ཆེ་ཎི་ལ་འོས་ཤོག་མ་འཕངས་པར་སྔ་ལོ་གྲོས་འཐུས་མིར་འདེམས་ཐོན་མ་བྱུང་། ཁོ་མོས་བྲིས་པའི་དམ་བཅའ་དང་ཆེ་བསྟོད་ཅེས་པའི་དཔེ་དེབ་ནང་དུ་ཌོ་ནལ་ཊམ་སླར་ཡང་སྲིད་འཛིན་ལ་བདམས་ན་ཨ་མི་རི་ཀའི་དམངས་གཙོའི་ལམ་ལུགས་ཉམས་དམས་གཏོང་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ། ཌོ་ནལ་ཊམ་ནས་སྲིད་འཛིན་གྱི་ལས་དུས་ཚད་བཀག་ཡོད་པར་བརྩི་མེད་བཏང་སྟེ་སྲིད་དབང་སྒེར་གཅོད་པ་ཞིག་ཏུ་འགྱུར་སྲིད་ཅེས་འཁོད།།

ལི་ཛི་ཆེ་ཎིའི་ཨ་ཕ་ནི་སྲིད་འཛིན་འཇོར་ཇཱི་ཊབ་ལུ་བྷུ་ཤིའི་སྐབས་ཀྱི་ཨ་རིའི་སྲིད་འཛིན་གཞོན་པ་ཌིག་ཆེ་ཎི་ཡིན་ཞིང་། ཁོ་མོ་ཝ་ཡོ་མཱི་མངའ་སྡེའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མིར་ལན་མང་བདམས་ཀྱང་༢༠༢༡་ལོའི་ཕྱི་ཟླ་དང་པོའི་ཚེས་༦་ཉིན་ཌོ་ནལ་ཊམ་གྱི་རྒྱབ་སྐྱོར་བ་ཚོས་གྲོས་ཚོགས་ལ་དཔུང་རྒོལ་བྱས་པའི་རྗེས་སུ་ལི་ཛི་ཆེ་ཎིས་སྲིད་འཛིན་ཟུར་པ་ཊམ་ལ་སྐྱོན་བརྗོད་བྱ་རྒྱུ་མགོ་བརྩམས། ཁོ་མོས་ལོ་ཤས་སྔོན་ཡིན་ན་ང་སྲིད་དོན་ཚོགས་པ་གསུམ་པ་ཞིག་གི་ངོས་ནས་སྲིད་འཛིན་འོས་མིར་ལང་རྒྱུ་སེམས་ལ་དྲན་མི་སྲིད། ད་ལྟ་ངས་ཕྱོགས་གང་ནས་བལྟས་ཀྱང་ཌོ་ནལ་ཊམ་གྱིས་སྔར་བཞིན་སྤྱི་མཐུན་ཚོགས་པ་དབུང་དུ་བསྡུས་ནས་ཨ་རིའི་རྒྱལ་ནང་དང་རྒྱལ་སྤྱིའི་དམངས་གཙོའི་ལམ་ལུགས་ལ་ཉེན་ཁ་འཕྲད་ཀྱི་འདུག འདི་ནི་སྤྱི་མཐུན་ཚོགས་པ་དང་དམངས་གཙོ་ཚོགས་པ། རང་བཙན་གྱི་སྲིད་དོན་ཚོགས་པ་ཁག་གི་ཆབ་སྲིད་ཀྱི་རྩོད་པ་ཞིག་མ་རེད། ང་ཚོས་ལས་དོན་མཉམ་སྒྲུབ་དང་འོས་ཤོག་ཕྱོགས་གཅིག་ཏུ་འཕངས་ནས་ཌོ་ནལ་ཊམ་དང་དེའི་རྗེས་འཇུག་པ་རྣམས་ཕམ་དགོས། ང་ཚོས་རྩ་དོན་སྒྲུབ་པའི་དུས་ལ་བསླེབས་འདུག་ཅེས་དཔེ་དེབ་ནང་དུ་བྲིས།།

ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་གྱི་གསར་འགོད་པས་སྤྱི་མཐུན་ཚོགས་པའི་ནང་ཁུལ་དུ་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ལ་མི་དགའ་མཁན་མང་པོ་ཡོད་པ་དང་དམངས་གཙོ་ཚོགས་པའི་ཚོགས་མི། རང་བཙན་གྱི་ལྟ་བ་འཛིན་མཁན་བཅས་ཌོ་ནལ་ཊམ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་མཁན་ཁྲི་ཚོ་མང་པོ་ཡོད་དེ་དག་ལ་ལི་ཛི་ཆེ་ཎིས་ཤུགས་རྐྱེན་ཐེབས་ཐུབ། ཁོ་མོ་སྲིད་དོན་ཚོགས་པ་གསུམ་པ་ཞིག་གི་ངོས་ནས་སྲིད་འཛིན་འོས་བསྡུར་ཞུགས་ན་ཇཱོ་བྷ་ཌན་གྱི་འོས་ཤོག་ཁག་ཅིག་མོ་ལ་ཐོབ་སྲིད་ཀྱང་མཐར་ཐུག་ཌོ་ནལ་ཊམ་ཕམ་ཐུབ་རྒྱུའི་གོ་སྐབས་ཆེན་པོ་ཡོད་པ་རེད་ཅེས་བསྟན། ལི་ཛི་ཆེ་ཎིས་ང་སྲིད་འཛིན་འོས་མིར་ལང་རྒྱུ་ཡིན་མིན་དེ་ཟླ་ཤས་རྗེས་སུ་ཐག་གཅོད་རྒྱུ་ཡིན། ང་ཚོར་ཉེན་ཁ་ཞིག་འཕྲད་ཀྱི་ཡོད་པ་ནི་ཨ་མི་རི་ཀ་མངའ་སྡེ་གཅིག་སྒྲིལ་རྒྱལ་ཁབ་འདི་འཚོ་གནས་ཐུབ་མིན་གྱི་དགག་རྩར་ཐུག་འདུག ང་ཚོར་དཀའ་ངལ་དེར་གདོང་ལེན་བྱེད་ཐུབ་པའི་སྲིད་འཛིན་འོས་མི་ཞིག་དགོས་ཀྱི་འདུག་ཅེས་བཀྲལ། ༢༠༢༤་ལོའི་ཕྱི་ཟླ་༡༡་པའི་ཚེས་༥་ཉིན་ཨ་མི་རི་ཀར་སྲིད་འཛིན་དང་གྲོས་ཚོགས་འཐུས་མི་རྣམས་འོས་བསྡུ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

དེང་སྐབས་ཨ་མི་རི་ཀའི་གསར་འགྱུར་ལས་ཁུངས་ཁག་གིས་མི་མང་འོས་ཤོག་འཕེན་མཁན་ཚོར་བསམ་ཚུལ་དྲིས་པའི་གྲུབ་འབྲས་ལྡན་ན། སྲིད་འཛིན་བྷ་ཌན་དགུང་ལོ་བགྲེས་དྲགས་པ་དང་སྤྱི་མཐུན་ཚོགས་པའི་ལྟ་བ་མཁྲེགས་འཛིན་པ་ཚོས་ཌོ་ནལ་ཊམ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་འགྱུར་བ་མེད་པ། ཨ་རིའི་རྒྱལ་ཡོངས་སུ་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ལ་འོས་ཤོག་འཕེན་མཁན་བརྒྱ་ཆ་༤༤་ཡས་མས་དང་སྲིད་འཛིན་བྷ་ཌན་ལ་འོས་ཤོག་འཕེན་མཁན་བརྒྱ་ཆ་༤༠་ཡས་མས་ཤིག་ལས་མེད་ཅིང་། དེ་བཞིན་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་གཞན་རྣམས་དང་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ལ་མི་མང་འོས་ཤོག་འཕེན་མཁན་རྒྱབ་སྐྱོར་བ་མང་ཉུང་གི་ཁྱད་པར་ཡང་ཆེན་པོ་བརྒྱུགས། ལི་ཛི་ཆེ་ཎི་སྲིད་འཛིན་འོས་མིར་ལང་རྒྱུའི་ཐག་བཅད་ཀྱང་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་གྱི་འགྲོ་གྲོན་དང་མང་ཚོགས་ཀྱི་རྒྱབ་སྐྱོར། ཌོ་ནལ་ཊམ་གྱི་རྒྱབ་སྐྱོར་བ་སྤྱི་མཐུན་ཚོགས་པའི་ཚོགས་མི་ཚོས་ལི་ཛི་ཆེ་ཎི་སྡང་དགྲར་བརྩིས། ཁོ་མོ་སྲིད་འཛིན་འོས་མིའི་བགྲོ་གླེང་ལ་ཞུགས་པར་མ་མཐའ་ཡང་རྒྱལ་ཡོངས་སུ་མི་མང་འོས་ཤོག་འཕེན་མཁན་བརྒྱ་ཆ་བཅོ་ལྔའི་རྒྱབ་སྐྱོར་འཐོབ་དགོས་པའི་གནས་ཚུལ་ཐོན་འདུག

ཚོགས་གཙོ་མེག་ཇཱོན་སན་

ལི་ཛི་ཆེ་ཎིས་གྲོས་ཚོགས་འོག་མའི་ལས་ཐོག་ཚོགས་གཙོ་མེག་ཇཱོན་སན་ནི་ཌོ་ནལ་ཊམ་གྱི་ཕྱོགས་གཏོགས་དང་༢༠༢༠་ལོའི་སྲིད་འཛིན་འོས་བསྡུའི་གྲུབ་འབྲས་ལ་སྙོན་མཁན་ཞིག་རེད། ༢༠༢༥་ལོར་ཌོ་ནལ་ཊམ་གྱིས་སྲིད་དབང་བཟུང་བ་དང་ཇཱོན་སན་སླར་ཡང་གྲོས་ཚོགས་ཀྱི་ཚོགས་གཙོར་བདམས་ན་གྲོས་ཚོགས་ཀྱི་རང་ཚུགས་ཤོར། ཁོ་པས་ཌོ་ནལ་ཊམ་མིན་ཟེར་ནས་ཁ་གཏད་ནམ་ཡང་གཅོག་མི་ཕོད། ངས་༢༠༢༤་ལོའི་འོས་བསྡུའི་སྐབས་སུ་ཌོ་ནལ་ཊམ་གྱི་ཨ་ཕྲུག་མ་ཡིན་པ་དང་རྩ་ཁྲིམས་གོང་བཀུར་བྱེད་མཁན་རྣམས་གྲོས་ཚོགས་འཐུས་མིར་འདེམས་ཐོན་ཐུབ་པའི་འབད་བརྩོན་བྱ་རྒྱུ་ཡིན། དེ་ལྟར་མ་བྱས་ན་ཨ་མི་རི་ཀའི་རྒྱལ་གཅེས་པ་ས་ཡ་མང་པོར་རྡོག་བརྫིས་ཐེབས་ཤས་ཆེ། ༢༠༢༤་ལོར་ཨ་རིའི་མི་དམངས་ཀྱིས་ལེགས་ཉེས་ཤེས་ནས་འོས་ཤོག་འཕེན་དགོས། ཨ་མི་རི་ཀར་རྩ་ཁྲིམས་ལ་བརྩི་འཇོག་དང་ཁྲིམས་ལ་གོང་བཀུར། ཨ་མི་རི་ཀས་རྒྱལ་སྤྱིའི་རང་དབང་ལ་སྲུང་སྐྱོབ་བྱ་རྒྱུའི་རྩ་བའི་དམ་བཅའ་གཙིགས་སུ་འཛིན་མཁན་ཞིག་སྲིད་འཛིན་ལ་གདམ་དགོས་ཞེས་སྨྲས།།

ཕྱི་ཟླ་༡༢་པའི་ཚེས་༥་ཉིན་ཨ་རིའི་རྒྱལ་ཡོངས་རླུང་འཕྲིན་ཁང་གི་གནས་ཚུལ་སྤེལ་བ་ལྟར་ན། ལི་ཛི་ཆེ་ཎིས་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མིའི་གྲས་སུ་ཌོ་ནལ་ཊམ་གྱི་རྫུན་ལ་ཡིད་ཆེས་བྱེད་མཁན་ཧ་ཅང་ཉུང་ཉུང་རེད། ཁོ་ཚོ་ལག་པ་གཅིག་གི་མཛུབ་མོས་གྲངས་ཀ་རྒྱག་ཐུབ། གྲོས་ཚོགས་འཐུས་མིའི་གྲས་སུ་ཌོ་ནལ་ཊམ་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་བྱེད་མཁན་ཁ་ཤས་ཤིག་མ་གཏོགས་མི་འདུག ཡིན་ནའང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་རང་ཉིད་བསྐྱར་དུ་འདེམས་ཐོན་ཡོང་ཐབས་སུ་ཌོ་ནལ་ཊམ་གྱི་ཧམ་བཤད་རྗེས་སུ་འབྲང་གི་འདུག གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འགོ་ཁྲིད་མཱི་ཆི་མེ་ཁ་ནོལ་གྱིས་ང་ལ་ཌོ་ནལ་ཊམ་བསྐྱུར་ཞོག ཁོ་པ་རིམ་གྱིས་ཡལ་འགྲོ་ཡི་རེད་ཟེར་མྱོང་། ང་ཚོས་ཌོ་ནལ་ཊམ་ལ་སྣང་ཆུང་བྱས་པའི་མཇུག་འབྲས་མིག་གིས་མཐོང་གསལ་རེད། ཁོ་པ་ཡལ་འགྲོ་ས་མ་རེད། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་སྲིད་འཛིན་བྷ་ཌན་ལ་ཉེས་འཛུགས་བྱས་ནས་ཞིབ་འཇུག་བྱ་དགོས་ཟེར་གྱི་ཡོད་པ་དེའི་རྒྱབ་ཏུ་ཌོ་ནལ་ཊམ་གྱིས་བཀོད་ཇུས་བྱེད་ཀྱི་ཡོད་པ་གསལ་པོ་རེད་ཅེས་གསར་འགོད་པའི་དྲི་བར་ལན་བཏབ།།

གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འགོ་ཁྲིད་མཱི་ཆི་མེ་ཁ་ནོལ་

ཁོ་མོས་ཕྱི་ཟླ་དང་པོའི་ཚེས་༦་གི་ཡར་སྔོན་དུ་ཌོ་ནལ་ཊམ་གྱི་སྐད་ཆ་དེ་ཚོ་དྲག་ཟིང་སློང་བའི་སྐད་ཆ་ཡིན་མིན་ཤེས་མ་བྱུང་། ༢༠༢༡་ལོའི་ཕྱི་ཟླ་དང་པོའི་ཚེས་༦་ཉིན་ཌོ་ནལ་ཊམ་གྱིས་ངན་སྐུལ་བྱས་ནས་ཨ་རིའི་གྲོས་ཚོགས་ལ་གྱེན་ལོག་བྱུང་བ་རེད། ད་དུང་ཡང་ཌོ་ནལ་ཊམ་གྱིས་དྲག་ཟིང་སློང་བའི་སྐད་ཆ་བཤད་ཀྱི་འདུག ཌོ་ནལ་ཊམ་ལ་རང་གི་བྱས་ཉེས་དེ་ཚོར་གནོང་འགྱོད་སྤུ་ཙམ་མི་འདུག ཁོ་པས་ཨ་རིའི་ཆབ་སྲིད་ལམ་ལུགས་ནང་དུ་དྲག་སྤྱོད་མཚམས་སྦྱོར་བྱས་པ་རེད། ང་ཚོས་དྲག་སྤྱོད་དེའི་རིགས་མཐོང་ཐོས་མ་བྱུང་བར་ལོ་བཅུ་ཕྲག་མང་པོ་ཕྱིན་པ་རེད། ངས་༢༠༢༡་ལོའི་ཕྱི་ཟླ་༢་པ་ནས་སྤྱི་མཐུན་ཚོགས་པས་ཌོ་ནལ་ཊམ་ལ་རྒྱང་བཀྱེད། སྲིད་དོན་ཚོགས་པ་དེས་ཨ་རིའི་མདུན་ལམ་ལ་བསམ་བློ་གཏོང་གི་རེད་བསམས་མྱོང་། འོན་ཀྱང་ལོ་དེའི་ཕྱི་ཟླ་༥་པ་ནས་སྤྱི་མཐུན་ཚོགས་པ་ཁ་ཕྱོགས་གསར་པ་ཞིག་ཏུ་བསྐྱོད་རྒྱུ་མིན་པ་ར་འཕྲོད་པ་མ་ཟད། ང་ཕྱི་ཟླ་༢་པ་ནས་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་ཀྱི་གནད་ཡོད་འགོ་ཁྲིད་གྲས་ནས་གནས་དབྱུང་གཏོང་རྒྱུ་འགོ་ཚུགས་སོང་། ང་མུ་མཐུད་དུ་འགོ་ཁྲིད་གྲས་སུ་འདུག་དགོས་ན་༢༠༢༠་ལོའི་སྲིད་འཛིན་འོས་བསྡུའི་གྲུབ་འབྲས་ལ་བསྙོན་དགོས་ཀྱི་འདུག དེ་ནི་ངས་གཏན་ནས་སྒྲུབ་ཐུབ་པ་ཞིག་མ་རེད་ཅེས་བཤད།།

ཌོ་ནལ་ཊམ་གྱིས་བསྐོས་པའི་ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཟུར་པ་མར་ཁེ་ཨེ་སི་པར་

ཕྱི་ཟླ་༡༢་པའི་ཚེས་༥་ཉིན་ཨེམ་ཨེ་སི་ཨེན་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཌོ་ནལ་ཊམ་གྱིས་བསྐོས་པའི་ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཟུར་པ་མར་ཁེ་ཨེ་སི་པར་གྱིས་ཀྱང་ལི་ཛི་ཆེ་ཎི་དང་འདྲ་མཚུངས་ཀྱི་ལྟ་ཚུལ་ཞིག་བརྗོད། ཁོ་པས་ཌོ་ནལ་ཊམ་བསྐྱར་དུ་སྲིད་འཛིན་ལ་བདམས་ན་ཨ་རིའི་དམངས་གཙོའི་ལམ་ལུགས་ཉམས་དམས་དང་ས་ཁམས་ཆབ་སྲིད་ཀྱི་ཤུགས་རྐྱེན་ཉམས། ཨ་མི་རི་ཀ་ནུབ་ཆིངས་ཁོངས་ནས་ཕྱིར་འཐེན་དང་ཕུ་ཊིན་ལ་ཁེ་ཕན་ཐོབ། ཨ་མི་རི་ཀ་ཁྲིམས་མེད་ལུགས་མེད་དུ་འགྱུར་མི་སྲིད་ཀྱང་རྒྱལ་སྤྱིའི་ཁྲིམས་དང་སྒྲིག་སྲོལ་ཁག་ལ་དོ་ཕོག་ཆེན་པོ་ཐེབས་རྒྱུ་ཡིན་པ་ངའི་ཉམས་མྱོང་གིས་ཤེས་ཀྱི་འདུག ཌོ་ནལ་ཊམ་ལ་འོས་བསྡུའི་རྒྱལ་ཁ་ཐོབ་ན་གཅམ་བུ་བ་རྣམས་བློན་ཆེན་དུ་བསྐོ་རྒྱུའི་ཉེན་ཁ་ཆེ་ཞེས་ཉེན་བརྡ་བཏང་འདུག གཟའ་མིག་དམར་ཉིན་ཌོ་ནལ་ཊམ་གྱིས་ང་ཉི་མ་གཅིག་ལ་སྲིད་དབང་གཅིག་སྡུད་པ་བྱ་རྒྱུ་ཡིན། དེའི་རྗེས་ནས་བྱ་རྒྱུ་མིན་ཞེས་ལི་ཛི་ཆེ་ཎི་དང་མར་ཁེ་ཨེ་སི་པར་ལ་ཟུར་ཟ་དང་བཅས་ལན་འདེབས་བྱས་འདུག