འཛམ་གླིང་རྐང་སྤོལ་གྱི་རྩེད་འགྲན་དེ་བཞིན་ཁཱ་ཊར་རྒྱལ་ཁབ་ཏུ་ཚ་ཚ་འུར་འུར་དུ་སྤེལ་བཞིན་པར། ཨེ་ཤ་ཡའི་གླིང་ཆེན་ནས་ཡིན་པའི་རྐང་རྩེད་སྤོ་ལོ་རྩེད་འགྲན་པ་ཚོས་ཀྱང་། གཅིག་ལས་གཅིག་ངར་གྱིས་འཛམ་གླིང་རྐང་རྩེད་སྤོ་ལོའི་རུ་ཁག་སྟོབས་ལྡན་གྱི་གྲས་སུ་སྔ་མེད་ཟིན་ཐོ་བཀོད་དང་འགོད་བཞིན་མཆིས། རྫོགས་མཐའ་མེད་པའི་ནད་ཡམས་དམ་དྲག་གི་སྲིད་ཇུས་སྣ་ཚོགས་པའི་མནར་གཅོད་འོག་ནས་རྩེད་འགྲན་གྱི་ལྟད་མོར་ལྟ་བཞིན་པའི་རྒྱ་ནག་གི་ལྟད་མོ་བ་ཚོར་མཚོན་ན། སྨྲ་བསམ་བརྗོད་འདས་ཀྱི་ཉམས་སྣང་ཞིག་ཡོང་གི་ཡོད་པར་གདོན་མི་ཟ་ཞིང་། སོ་ཌི་ཨ་རབ་དང་ཉི་ཧོང་གཉིས་ཀྱི་རྐང་རྩེད་རུ་ཁག་གིས་སྔ་ཕྱིར་དུུ། འཛམ་གླིང་རྐང་རྩེད་ཀྱི་ཏོག་ལྟ་བུའི་རྒྱལ་ཁབ་ཨར་ཇིང་ཐི་ནཱ་དང་། འཇར་མན་གཉིས་ལས་རྣམ་པར་རྒྱལ་བར། ཁྱིམ་སྡོད་བཀའ་རྒྱའི་འོག་ནས་ལྟད་མོ་ལྟ་བཞིན་པའི་རྒྱ་ནག་གི་ལྟད་མོ་བ་ཚོས་ཨེ་ཤ་ཡའི་རྒྱལ་ཁབ་ཀྱི་རྐང་སྤོལ་རྩེད་འགྲན་པ་ཚོའི་རྒྱལ་ཁ་ལ་ཡིད་སྨོན་ཤོར་བ་དང་དུས་མཚུངས་སུ། འཛམ་གླིང་རྐང་སྤོལ་རྩེད་འགྲན་གྱི་སྒོ་འགྲམ་ལའང་མི་སླེབས་པའི་རྒྱ་ནག་གི་རྐང་སྤོལ་རུ་ཁག་གི་ཉམས་དམའི་གནས་སྟངས་ལས་སྐྱོ་སྣང་ཡོང་གི་ཡོད་པར་སྣང་ལ། རྒྱ་ནག་གི་རྐང་སྤོལ་ལྟད་མོ་བ་ཚོས་ཧ་ལས་ཧང་སངས་དགོས་པའི་གནད་ཅིག་ནི། འཛམ་གླིང་རྐང་སྤོལ་གྱི་རྩེད་རར་ཁ་རས་གོན་མཁན་མེད་པ་དང་། རྒྱ་ནག་ནང་བཞིན་ནད་ཡམས་གཙང་སེལ་སྲིད་ཇུས་ཟིན་པའི་ངང་ཚུལ་ཡང་མཐོང་རྒྱུ་མེད་པ་དེ་རེད།
རྒྱ་ནག་ནང་གི་ལྟད་མོ་བ་ཚོས་ནད་ཡམས་གཙང་སེལ་ཞེས་པའི་དམ་དྲག་གི་སྲིད་ཇུས་འོག་ནས་རྩེད་འགྲན་ལ་བལྟ་དགོས་བྱུང་བ་དང་། འཛམ་གླིང་རྐང་སྤོལ་གྱི་རྩེད་རར་ཁ་རས་གོན་མཁན་མེད་པ་གཉིས་དཀར་ནག་གི་ཁྱད་པར་མངོན་སུམ་དུ་ཤོར་ཞིང་། མིག་མཐོང་ལག་ཟིན་གྱི་སྣང་ཚུལ་དེ་ལས་རྟོག་འཆར་སྣ་ཚོགས་ཤིག་ཀྱང་ཡོང་བཞིན་པ་གོར་མ་ཆག་ལ། རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱའི་བརྒྱུད་ལམ་ཁག་ལས། ཉིན་རེ་བཞིན་རྒྱ་ནག་གི་རྐང་སྤོལ་ལྟད་མོ་བ་ཚོས་གཅིག་རྗེས་གཉིས་མཐུད་དུ་དྲི་བ་དང་དོགས་འཆར་སྣ་ཚོགས་ཤིག་ཡོང་བཞིན་པར། ཁག་ཅིག་གིས་འཛམ་གླིང་བུམ་པའི་རྩེད་རར་ནད་ཡམས་སྔོན་འགོག་གི་བྱེད་ཐབས་གཉེར་གྱི་མེད་དོན་ཅི་རེད། ཅེས་དང་། ཡང་ཁ་གཅིག་གིས་རྒྱ་ནག་གིས་ཟིན་པའི་ནད་ཡམས་གཙང་སེལ་གྱི་སྲིད་ཇུས་ལ་དོགས་པ་ཡོང་གི་ཡོད་པ་དང་། ཏོག་དབྱིབས་ནད་ཡམས་ཀྱི་གནད་དོན་ཐད་ནས། འཛམ་གླིང་གིས་གོམ་པ་སྔ་སྤོས་བྱས་ནས་མདུན་དུ་བསྐྱོད་ཟིན་ཀྱང་། རྒྱ་ནག་གིས་ད་དུང་ཨུ་ཚུགས་ཀྱིས་ནད་ཡམས་གཙང་སེལ་གྱི་སྲིད་ཇུས་འོག་ནས་འཛམ་གླིང་གི་གོམ་སྟབས་ཀྱི་རྗེས་སུ་མ་ཟིན་པར། སོ་སོས་བཟོས་པའི་སྒྲོག་འོག་ཏུ་ཡང་ནས་བསྐྱར་དུ་མགོ་འཁོར་བཞིན་རང་གནས་སུ་ལུས་འདུག་ཅེས་ཀྱང་བཤད་འདུག །
ང་ཚོ་གོ་ལ་གཅིག་གི་ཐོག་ལ་འཚོ་བ་སྐྱེལ་གྱི་ཡོད་པ་རེད་དམ། ཞེས་རཱེ་ཌར་སི་གསར་ཁང་གིས་རྒྱ་ནག་སི་ཁྲོན་ནས་ཡིན་པའི་པོད་ཕྲན་སྤྱོད་མཁན་ཞིག་གིས་སྤེལ་བའི་སྐད་ཆ་ཐུང་ཐུང་དེ་བཞིན་ལུང་འདྲེན་བྱས་འདུག་ཅིང་། དྲི་བ་དེ་དྲ་ལམ་དུ་སྤེལ་བ་ཐག་མི་ཁྲི་སྟོང་མང་པོས་མོས་མཐུན་ཡོད་པའི་རྣམ་འགྱུར་བསྟན་འདུག པོད་ཕྲན་བེད་སྤྱོད་གཏོང་མཁན་གཞན་ཞིག་གིས་ཀྱང་ཟུར་ཟའི་ཚུལ་དུ། ཁོང་ཚོས་ནད་ཡམས་འགོས་ཡོད་མེད་བརྟག་དཔྱད་བྱས་ཡོད་དམ། ཞེས་དང་། ཁོང་ཚོས་ཁ་རས་གོན་མེད་དོན་ཅི་ཡིན་ནམ། དྲི་བ་བཏང་འདུག །རེས་གཟའ་ཉི་མའི་ཉིན་གྱི་དགོང་མོར་འཛམ་གླིང་རྐང་སྤོལ་དབུ་ཚུགས་པ་ནས་བཟུང་། རྒྱ་ནག་གི་དྲ་རྒྱའི་བརྒྱུད་ལམ་ཁག་ཏུ་དེ་ལྟ་བུའི་དྲི་བ་དང་དཔྱད་གཏམ་སྣ་ཚོགས་ཀྱིས་ཁྱབ་འདུག་ཅིང་། འཛམ་གླིང་རྐང་སྤོལ་རྩེད་འགྲན་ནི་ཧ་ལམ་རྒྱ་ནག་མི་དམངས་ཀྱིས་རྒྱ་ནག་གཞུང་གིས་ཟིན་པའི་ནད་ཡམས་གཙང་སེལ་གྱི་སྲིད་ཇུས་དེར་རྒོལ་རྡུང་གཏོང་བྱེད་ཀྱི་ལག་ཆ་ལྟ་བུ་ཆགས་འདུག །
ནད་ཡམས་གཙང་སེལ་བཟོ་བའི་སྲིད་ཇུས་ནི། རྒྱ་ནག་གི་གཙོ་འཛིན་ཞི་ཅིང་ཕིང་གི་སྲིད་དོན་གལ་ཆེ་ཡོད་ན་མེད་ན་ཞིག་ཡིན་པ་དང་། མི་དམངས་ཀྱི་འཚོ་བ་དང་དཔལ་འབྱོར་ལ་གནོད་སྐྱོན་ག་ཚོད་བཏང་ཡང་། གཞིས་སྡོད་ཁུལ་དང་གྲོང་ཁྱེར་དུ་དམ་དྲམ་ཤུགས་ཆེར་བྱས་ཡོད་པ་རེད། རྒྱ་ནག་གཞུང་གིས་ཉེ་བའི་ཆར་ནད་ཡམས་གཙང་སེལ་གྱི་སྤྱིའི་སྒྲོམ་གཞི་རྒྱུན་འཁྱོངས་བྱ་དགོས་ཞེས་དྲིལ་བསྒྲགས་ཆེན་པོ་བྱས་ཏེ། དོན་དམ་ལ་སྲིད་ཇུས་དེ་བཞིན་ལྷོད་ཡངས་གཏོང་བའི་སྒྲིག་གཞི་གསར་པ་དོན་ཚན་ཉི་ཤུ་ཞེས་པ་ཞིག་བཏོན་ཡོད་པ་རེད། དེ་ལྟ་ནའང་ཡིད་སྐྱོ་འོས་པ་ཞིག་ལ། སྒྲིག་གཞི་གསར་པ་དེ་ལག་བསྟར་བྱས་མ་ཐག རྒྱ་ནག་གི་རྒྱལ་ས་པེ་ཅིང་གིས་མཚོན་པའི་གྲོང་ཁྱེར་དང་གྲོང་བརྡལ་ཁག་མང་པོ་ཞིག་ལ་ནད་ཡམས་བསྐྱར་དུ་ཁྱབ་གདལ་དུ་ཕྱིན་ཏེ། སྔར་ལས་ཀྱང་ཉེན་ཁ་ཆེ་བ་ཆགས་ནས་དབང་འཛིན་པས་དམ་དྲག་གི་སྲིད་ཇུས་དེ་བཞིན་བསྐྱར་དུ་ལག་ལེན་བསྟར་བ་དང་། ཁྱོན་ཆེན་པོའི་སྒོ་ནས་མི་ཚང་མར་ནད་ཡམས་འགོས་ཡོད་མེད་བརྟག་དཔྱད་བྱེད་འགོ་ཚུགས་འདུག །
རྒྱ་ནག་གཞུང་གིས་རྒྱུན་འཁྱོངས་བྱེད་བཞིན་པའི་ནད་ཡམས་གཙང་སེལ་གྱི་སྲིད་ཇུས་དེས། མི་དམངས་ལ་དཀའ་ངལ་སྤྲད་དེ་ཁོང་ཁྲོ་མེ་ལྟར་འབར་བཅུག་ཡོད་པ་རེད། རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་སྐད་འཕྲིན་ལས། སྤྱི་ཟླ་༡༡པའི་ཚེས་༢༢་ཉིན་དྲི་བ་བཅུ་ཐམ་པ་ཞེས་པའི་ཡིག་ཆུང་ཞིག་གྱར་བཞིན་པ་དེས། རྒྱ་ནག་འཕྲོད་བསྟེན་ལས་ཁུངས་ལ་ནད་ཡམས་སྔོན་འགོག་དང་འབྲེལ་བའི་དོགས་གནད་སྐོར་དྲི་བ་བཏང་འདུག་ཅིང་། ཧོང་ཀོང་དང་འཛམ་གླིང་དཔེར་བླངས་ནས་ཡོངས་གྲགས་ཐོག་རྒྱ་ནག་འཛིན་སྐྱོང་གི་ནད་ཡམས་སྔོན་འགོག་གི་སྲིད་ཇུས་གཏན་འབེབས་ཀྱི་གཞི་འཛིན་སར་དོགས་འདྲི་བྱས་ཡོད་ཀྱང་ཡི་གེ་དེ་བཞིན་མགྱོགས་མྱུར་དུ་དྲ་ལམ་ནས་ནག་བསུབ་བཏང་འདུག དཔྱད་བརྗོད་སྤེལ་བ་ལས། དྲ་ལམ་དུ་སྤེལ་བའི་ཡིག་ཆུང་དེ་ནི་ཟླ་བ་སྔོན་མའི་ནང་པེ་ཅིང་སི་ཐུང་ཟམ་པའི་ཐོག་འཕྲེད་དར་འཕྱར་བའི་དོན་རྐྱེན་དང་དོ་མཉམ་ཡིན་ཚུལ་གླེང་འདུག ཡིག་ཆུང་དེ་ལས། རྒྱ་ནག་ལ་དོན་དམ་དུ་སོ་སོས་བཟོས་པའི་འགོག་ཁབ་ཡོད་དམ། ཞེས་དང་། ཨོ་མི་ཁེ་རོང་ནད་ཡམས་ཀྱི་རྐྱེན་ལས་དོན་དམ་ལ་མི་ག་ཚོད་ཤི་སོང་། ཆེད་མཁས་པ་ཀྲུང་ནན་ཧྲན་སོགས་ནས་ཨོ་མི་ཁེ་རོང་ནད་ཡམས་ཀྱིས་མི་ཤི་ཚད་ཧ་ཅང་ཉུང་ཉུང་རེད། ཅེས་གསུངས་སོང་། ང་ཚོས་ཅིའི་ཕྱིར་ད་དུང་ནད་ཕོག་ནའང་མི་ཤི་བའི་ནད་ཡམས་ཤིག་གི་དོན་ལ་དམ་དྲག་བྱེད་དགོས་པ་ཡིན་ནམ། ཅིའི་ཕྱིར་དེ་དོན་ཡོད་ཚད་སྟོང་ཟད་དུ་གཏང་དགོས་སམ། ཅིའི་ཕྱིར་མིག་གིས་མི་མཐོང་ལག་པས་མི་ཟིན་པའི་ནད་དུག་རིགས་ཤིག་གཙང་སེལ་བྱེད་དགོས་པ་ཡིན་ནམ། ཡིག་ཆུང་དེ་ལས་ད་དུང་གོང་ཞུས་བཞིན། ཁཱ་ཊར་གྱི་འཛམ་གླིང་རྐང་སྤོལ་གྱི་ཡུལ་དངོས་ལྟད་མོ་བ་ཚོས་ཁ་རས་གོན་མེད་པའི་གནས་ཚུལ་དཔེར་བླངས་ནས། འཛམ་གླིང་ཐོག་རྒྱལ་ཁབ་༡༢༠་ལྷག་ཙམ་ཞིག་ལ་སྔ་ས་ནས་ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་དམ་དྲག་སྲིད་ཇུས་མེད་པར་བཏང་འདུག་ཀྱང་། རྒྱལ་ཁབ་དེ་ཚོའི་མི་དམངས་ཀྱི་འཕྲོད་བསྟེན་ལ་གནོད་སྐྱོན་ག་འདྲ་བྱུང་ཡོད་དམ། ཁོང་ཚོ་དང་ང་ཚོ་གོ་ལ་གཅིག་གི་ཐོག་ལ་འཚོ་བ་སྐྱེལ་གྱི་མེད་དམ། ཏོག་དབྱིབས་ནད་ཡམས་ཀྱིས་ཁོང་ཚོར་གནོད་པ་མི་བྱེད་པ་རེད་དམ། སོགས་དྲི་བ་རྣོ་ངར་ཅན་འགའ་ཤས་བཏང་འདུག།