བོད་ནང་རྒྱ་གཞུང་གིས་གནམ་ཐང་རྒྱ་བསྐྱེད་ཀྱིས་མང་ཚོཊ་ཀྱི་ས་ཆ་གཞུང་བཞེས་བཏང་བ།

བོད་ནང་རྒྱ་གཞུང་གི་ཆ་བགོས་བྱས་བའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཆུ་རྔ་སྡེ་བའི་ས་ཐོག་ཏུ། རྒྱ་ནག་གིས་གསར་དུ་མིང་བཏགས་པའི་མཚོ་སྔོན་པོ་གནམ་ཐང་ཞེས་པ་ཞིག་འཛུགས་སྐྲུན་བྱས་ཏེ། ད་ལྟའི་ཆར་གནམ་གྲུའི་འབབ་སྟེགས་རྒྱ་བསྐྱེད་དུ་གཏོང་བཞིན་པའི་སྐོར་སོགས་ལ་བོད་ནང་གི་བོད་མི་མིང་དངོས་སུ་བརྗོད་འདོད་མེད་མཁན་ཞིག་གིས་འདི་གའི་རླུང་འཕྲིན་ཁང་ལ་བརྗོད་ན། འདས་པའི་ལོ་ཤས་གོང་ནས་བཟུང་། ཆུ་རྔ་སྡེ་བའི་ས་ཐོག་ཏུ་གནམ་གྲུའི་འབབ་ཚུགས་ལས་བཞིན་པ་དེའི་མིང་ལ་མཚོ་སྔོན་པོ་གནམ་ཐང་ཟེར་བ་ཞིག་བཏགས་ཏེ། ཁྱབ་སྒྲགས་དང་མཉམ་དུ་ད་ལྟའི་ཆར་གནམ་གྲུ་འབབ་ས་དང་འཕུར་སའི་ལམ་དེ་རྒྱ་བསྐྱེད་དུ་གཏོང་བཞིན་འདུག།

སྤྱིར་ན་གནམ་ཐང་དེ་རྒྱ་བསྐྱེད་ཆེད་མཐའ་འཁོར་གྱི་ཆུ་རྔ་སྡེ་བའི་མང་ཚོགས་ཀྱི་ས་ཆ་ཉུང་མཐར་ཡང་ས་མུའུ་སྟོང་གཅིག་ལ་བརྒལ་བ་གཞུང་བཞེས་བཏང་ཡོད་པ་རེད། ས་ཆུའི་རྒྱ་ཁྱོན་ལ་དཔག་པའི་མང་ཚོགས་ལ་གུན་གསབ་ཀྱི་དངུལ་ཅུང་ཙམ་རེ་སྤྲད་པ་རེད། མང་ཚོགས་ཀྱིས་ཀྱང་དངུལ་དེ་བླངས་པ་རེད། གནམ་གྲུའི་འབབ་ཐང་གི་ཁང་པ་དེ་སྔར་ལོ་ནས་ལས་འགོ་ཚུགས་ཏེ། ད་ལྟ་ལེགས་འགྲུབ་བྱུང་ལ་ཉེ་བ་ཞིག་རེད་འདུག། འདི་ལྟར་ཕར་ལྟོས་ཚོད་ལ་གནམ་ཐང་དེ་ཧ་ཅང་རྒྱ་ཆེན་པོ་ལས་བཞིན་འདུག།

སྤྱིར་ན་ཆུ་རྔ་སྡེ་བར་མཚོན་ན་ས་ཆ་རྒྱ་ཆེན་པོ་ཡོད་མཁན་དེ་འདྲ་མ་རེད་མོད། རྒྱལ་ཁབ་ཀྱི་འཛུགས་སྐྲུན་ཡིན་ཟེར་ནས་བཀའ་ཁྲིམས་བཙན་པོ་སླེབས་ན། ཁས་ལེན་མི་བྱེད་ཐབས་མེད་ཡིན་པ་རེད། རྒྱལ་ཁབ་ཀྱིས་སྤྲད་པའི་གུན་གསབ་ཀྱི་དངུལ་དེ་ཙམ་གྱིས་གནས་སྐབས་རིང་མང་ཚོགས་ལ་ཕན་ཐོགས་ཅུང་ཙམ་ཡོད་པ་ལས་མ་འོངས་པར་སྡེ་མི་མང་ཚོགས་ཀྱི་འཚོ་གནས་ལ་དཀའ་ངལ་ཆེན་པོ་འཕྲད་པ་རེད།

ད་དུང་གནམ་ཐང་ནས་མཚོ་ལྷོ་ཁུལ་ཐོག་བར་གཞུང་ལམ་རྒྱ་བསྐྱེད་དང་འབྲེལ་ནས་མང་ཚོགས་ཀྱི་ས་ཆ་མང་པོ་གཞུང་གི་བཙན་འཕྲོག་བྱས་པ་རེད་ལ་གཞུང་ལམ་ཕལ་ཆེ་བ་གསར་རྒྱག་ལེགས་འགྲུབ་བྱུང་ཟིན་པ་རེད། མི་འགྱངས་པར་གནམ་གྲུ་འཕུར་བསྐྱོད་བྱེད་ས་རེད་བསམ་པ་ཞིག་རེད་འདུག། མཚོ་སྔོན་ཟི་ལང་གི་གནམ་གྲུ་འབབ་ཐང་དེ་ལས་ད་ལྟ་ལས་བཞིན་པའི་གནམ་གྲུ་འབབས་ཐང་དེ་ལྡབ་འགྱུར་གྱི་རྒྱ་ཆེན་པོ་རེད་འདུག།

ཉིན་འདི་གར་མཚོ་ལྷོ་ཁུལ་ཐོག་དང་གནམ་ཐང་ལ་འགྲོ་སའི་གཞུང་ལམ་གཡས་གཡོན་སོགས་སུ་མཚོ་སྔོན་པོ་གནམ་གྲུ་ཐང་ཞེས་བའི་སྐོར་ནས་ཁྱབ་སྒྲགས་ཤུགས་ཆེར་བྱེད་བཞིན་པའི་རྣམ་པ་ཞིག་རེད་འདུག་ཅེས་སོགས་བརྗོད་སོང་།

Your browser doesn’t support HTML5

བོད་ནང་རྒྱ་གཞུང་གིས་གནམ་ཐང་རྒྱ་བསྐྱེད་ཀྱིས་མང་ཚོཊ་ཀྱི་ས་ཆ་གཞུང་བཞེས་བཏང་བ།