འདས་པའི་ཟླ་ངོ་ཁ་ཤས་རིང་རྒྱ་ནག་ནང་ཏོག་དབྱིབས་ནད་རྟགས་ཐོན་པའི་ནད་པ་ཇེ་མང་དུ་སོང་བ་དང་སྐབས་བསྟུན། བོད་ཁུལ་གྱི་ས་ཆ་ཡོངས་སུ་དགོན་སྡེ་ཁག་དང་སློབ་གྲ་ཁག་བཅས་ཡོངས་སུ་ཁྱིམ་སྡོད་བཀའ་རྒྱ་བསྡམས་ཏེ་དཀའ་ངལ་འོག་ཡོད་པ་དང་། ཉིན་འདི་གར་མང་ཚོགས་ཀྱི་འགྲོ་འོང་བཀག་སྡོམ་ཅུང་ལྷོད་ཡངས་སུ་བཏང་ཡོད་པ་རེད་འདུག། དམིག་གསལ་ཕྱི་ཚེས་༡༤ ཉིན་ནས་བཟུང་མཚོ་སྔོན་གྱི་རྗེ་སྐུ་འབུམ་དགོན་པའི་ངོས་ནས། དད་ལྡན་མཆོད་འཇལ་བ་རྣམས་ཡོང་ཆོག་པའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་ཀྱང་སྤེལ་ཡོད་པ་རེད་འདུག།
དེ་དང་ཆབས་ཅིག། ད་ལྟ་མཚོ་སྔོན་ཟི་ལིང་གྲོང་ཁྱེར་དུ་ཡོད་པའི་འབྲེལ་ཡོད་མི་སྣ་ཞིག་ལ་བཅར་འདྲི་ཞུས་པར། ཁོང་གིས་གསུང་དོན་ལྟར་ན། ཚེས་༡༤ ནས་བཟུང་རྗེ་སྐུ་འབུམ་དགོན་པར་མཆོད་མཇལ་བ་ཡོང་གི་བཅུག་འདུག། དགོན་པའི་སྲང་བར་དང་ལམ་མདོ་སོགས་སུ་ཉིང་བསྐྱུར་བརྟག་དཔྱད་བྱེད་ཡུལ་ཚང་མ་བླངས་འདུག། ཉིན་རེ་བཞིན་མཆོད་མཇལ་བ་རྣམས་ཇེ་མང་རེད་འདུག། དགོན་པའི་ཉེ་འགྲམ་གྱི་ཟ་ཁང་དང་ཚོང་ཁང་ཚང་མ་རེ་རེ་བཞིན་སྒོ་ཕྱེ་གི་འདུག། ཡིན་ནའང་། ད་ལྟ་གནམ་གཤིས་ཇེ་འཁྱག་ཏུ་འགྲོ་བཞིན་པའི་སྐབས་འདིར། འཆམ་ནད་ཞིག་མི་མང་པོ་ལ་ཕོག་གིན་འདུག། ཅེས་དང་། དེ་མིན་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པའི་ནང་བཀག་སྡོམ་ལྷོད་ཡངས་སུ་བཏང་ཡོད་པའི་སྐོར་མིང་དངོས་སུ་བརྗོད་འདོད་མེད་མཁན་ཞིག་གིས་བརྗོད་དོན་ནང་། ཉིན་འདི་གར་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པའི་ནང་ཁྱིམ་སྡོད་བཀའ་རྒྱ་གློད་དེ། མང་ཚོགས་ཀྱི་འགྲོ་འོང་བྱེད་བཞིན་པའི་སྐབས་རེད་འདུག། ཡིན་ནའང་། དེང་སྐབས་དྲ་ལམ་ནས་ཅ་དངོས་ཉོ་ཚོང་དར་ཁྱབ་ཤིན་ཏུ་ཆེ་བའི་དབང་གིས་དངོས་ཟོག་དབོར་འདྲེན་བྱེད་མཁན་ཇེ་མང་ཡིན་པ་ལས། སྲང་ལམ་ན་དེ་སྔ་ལྟ་བུའི་མི་ཚོགས་ཀྱི་འཚང་ཁ་ཆེན་པོ་མི་འདུག། བླ་བྲང་བཀྲ་ཤིས་འཁྱིལ་དང་ཉེ་ཁུལ་གྱི་ས་གནས་ཁ་ཤས་ལ་ད་དུང་སྤྱི་སྤྱོད་རླངས་འཁོར་ཤར་གཏོང་བྱས་མི་འདུག། མི་འགྱངས་བར་ཤར་གཏོང་བྱེད་རྒྱུ་ཡིན་ཚོད་འདུག། ནད་ཡམས་ཕོག་མཁན་ཇི་ཙམ་ཡོད་མེད་ལ་གསལ་ཁ་མི་འདུག་མོད། མང་ཚོགས་རང་ངོས་ནས་ཏོག་ནད་ལ་ཧ་ཅང་འཛེམ་དོགས་བྱེད་བཞིན་འདུག། ཅེས་བརྗོད་སོང་།
གཞན་ཡང་དེངས་སྐབས་རྒྱ་ནག་ནང་ཆེས་དར་ཁྱབ་ཆེ་བའི་མགྱོགས་འཕྲིན་སྟེགས་བུ་རུ་གནས་ཚུལ་སྤེལ་དོན་ལྟར་ན། གནས་སྐབས་མཚོ་སྔོན་ཞིང་ཆེན་ཁུལ་གྱི་གཞུང་ལམ་ཆེ་ཁག་ཏུ་བཙུགས་ཡོད་པའི་ནད་ཡམས་བརྟག་དཔྱད་ས་ཚིགས་༡༨༤ ཕྱིར་བསྡུ་དང་། ཞིང་ཆེན་གཞན་དང་འདྲེས་པའི་བརྟག་དཔྱད་ས་ཚིག་ཁག་བརྒྱ་ལྷག་ཕྱིར་བསྡུ་དང་མྱུར་འགྲོ་གཞུང་ལམ་སྟེང་གི་ཞབས་ཞུ་སྟེགས་བུ་ཚང་མ་བསྐྱར་དུ་སྒོ་འབྱེད་ཀྱིས་མང་ཚོགས་ཀྱི་འགྲོ་བསྐྱོད་རྒྱུན་ལྡན་ལྟར་ཡིན་པ་མཁོད་ཡོད་པ་རེད་འདུག། དེ་མིན་བོད་ནས་འདི་གར་བརྗོད་དོན་ལྟར་ན། ཉིན་འདི་གར་ཁྱིམ་སྡོད་བཀའ་རྒྱ་ལྷོད་ཡོད་ནའང་། མང་ཚོགས་ལ་ཏོག་ནད་ཕོག་ཡོང་བསམ་ནས། འཛེམས་ཟོན་ཆེན་པོའི་སྒོ་ནས་ཁུལ་དང་རྫོང་ཐོག་སོགས་སུ་འགྲོ་བསྐྱོད་བྱེད་མཁན་མི་ཧ་ཅང་ཉུང་ཉུང་རེད་འདུག། དམིགས་གསལ་ཚ་བ་འཕར་བ་དང་།རྐང་ལག་ལ་ན་ཟུག་བརྒྱབ་པའི་འཆམ་ནད་ཅིག་གང་སར་ཁྱབ་སྟེ། ཁུལ་དང་རྫོང་། ཡུལ་མཚོ་སོགས་སུ་ཕྱི་ལུགས་ཀྱི་སྨན་ཚོང་ཁང་ཚང་མའི་ནང་འཆམ་པའི་སྨན་ཉོ་རྒྱུ་མི་རག་པའི་དཀའ་ངལ་ཞིག་འཕྲད་བཞིན་པ་རེད། ཅེས་བརྗོད་སོང་།
རེབ་གོང་རོང་བོ་དགོན་ཆེན་དང་ངྷི་ཚ་དགོན་ཆེན། ཐོ་ལེ་དགོན་པ། ཤིང་ཁྲི་དགོན་པ་བཅས་དགོན་སྡེ་ཁག་ུཏུའང་ཁྱིམ་སྡོད་བཀའ་རྒྱ་ལྷོད་གཡེངས་སུ་བཏང་ཡོད་པ་རེད་འདུག། གཞན་ཡང་བོད་ཀྱི་རྒྱལ་ས་ལྷ་ས་གྲོང་ཁྱེར་ནང་ཕྱི་ཚེས་༨ ནས་བཟུང་ཁྱིམ་སྡོད་བཀའ་རྒྱ་ལྷོད་ཡངས་སུ་བཏང་ཡོད་པ་དང་། ཉེན་རེར་བཞིན་ཟ་ཁང་དང་ཚོང་ཁང་ཚང་མ་སྒོ་འབྱེད་ཀྱིན་ཡོད་པ་མ་ཟད། ལྷ་སའི་ཁྲོམ་གཟིགས་ཁང་དུ་མི་མང་འདུ་འཛོམས་ཇེ་མང་དུ་འགྲོ་བཞིན་པ་སྤྱི་ཚོགས་དྲ་ལམ་ཁག་བརྙན་ཐུང་མང་པོ་སྤེལ་ཡོད་པ་རེད་འདུག།
Your browser doesn’t support HTML5