ཉི་ཧོང་གི་སྲིད་བློན་ཀི་ཤི་ཏས་སླར་ཡང་སྲིད་བློན་འོས་མིར་ཞུགས་རྒྱུ་མིན་པའི་ཐག་གཅོད་གནང་།

ཉི་ཧོང་གི་སྲིད་བློན་ཀི་ཤི་ཏས་ལས་གནས་ནས་འཕྲལ་དུ་དགོངས་ཞུ་གནང་རྒྱུའི་གློ་བུར་གསལ་བསྒྲགས་ཤིག་སྤེལ་གནང་

Your browser doesn’t support HTML5

ཉི་ཧོང་གི་སྲིད་བློན་ཀི་ཤི་ཏས་སླར་ཡང་སྲིད་བློན་འོས་མིར་ཞུགས་རྒྱུ་མིན་པའི་ཐག་གཅོད་གནང་།

རེས་གཟའ་ལྷག་པའི་ཉིན་ཉི་ཧོང་གི་སྲིད་བློན་ཀི་ཤི་ཏས་ལས་གནས་ནས་འཕྲལ་དུ་དགོངས་ཞུ་གནང་རྒྱུའི་གློ་བུར་གསལ་བསྒྲགས་ཤིག་སྤེལ་གནང་འདུག སྲིད་བློན་ཀི་ཤི་ཏས་རྒྱལ་ནང་དཀའ་ངལ་ལ་གདོང་ལེན་གནང་དགོས་ཀྱི་ཡོད་པར་མ་ལྟོས་པར་ཉི་ཧོང་གི་ཕྱི་འབྲེལ་སྲིད་ཇུས་ལ་བསྒྱུར་བཅོས་དང་འཛམ་གླིང་ནང་ཉི་ཧོང་གི་འགན་འཁུར་དང་ཉི་ཧོང་གི་དམག་དཔུང་གི་ནུས་པ་རྒྱ་བསྐྱེད་གཏོང་རྒྱུར་ཤུགས་གནོན་ཆེན་པོ་བརྒྱབས་ཡོད། འོན་ཀྱང་རྒྱལ་ནང་གི་དཀའ་ངལ་ལ་བརྟེན་ནས་མཐར་སྲིད་བློན་གྱི་ལས་གནས་ནས་དགོངས་གནང་དགོས་གྱུར།

དེ་ཡང་སྲིད་བློན་ཀི་ཤི་ཏས་རེས་གཟའ་ལྷག་པའི་ཉིན་གློ་བུར་གསལ་བསྒྲགས་གནང་ནས་གཞུང་འཛིན་མང་གཙོ་རང་དབང་ཚོགས་པའི་འགོ་ཁྲིད་ལ་བསྐྱར་དུ་འོས་འདེམས་ཡོང་ཐབས་བྱ་མིན་ཞེས་གསུངས་འདུག དེའི་གོ་དོན་དེ་ནི་ཟླ་བ་རྗེས་མར་གཞུང་འཛིན་ཚོགས་པའི་འགོ་ཁྲིད་འོས་བསྡུ་བྱས་པའི་ཀི་ཤི་ཏ་སྲིད་བློན་ཀྱི་ལས་གནས་ནས་དགོངས་ཞུ་གནང་དགོས་ཆགས་ཀྱི་ཡོད།

སྲིད་བློན་ཀི་ཤི་ཏས་ལོ་གསུམ་ཙམ་གྱི་རིང་ཉི་ཧོང་གི་སྲིད་བློན་གནང་རིང་འཛམ་གླིང་གི་ས་བབས་ཆབ་སྲིད་ཀྱི་ཛ་དྲག་ཅན་གྱི་གནས་སྟངས་ད་དུང་སྡུག་ཏུ་སོང་ཡོད། སྲིད་བློན་ཀི་ཤི་ཏས་གནས་སྟངས་ལ་ལེན་འདེབས་བྱ་རྒྱུར་གོམས་པ་སྤོས་གནང་ཡོད་པ་དེ་དག་གི་ནང་ཉི་ཧོང་དང་ནུབ་ཕྱོགས་རྒྱལ་ཁབ་དབར་འབྲེལ་ལམ་ཉེ་རུ་བཏང་བ་དང་། ཉི་ཧོང་གིས་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་རང་འགུལ་གྱིས་དམག་དོན་བཀག་སྡོམ་ཤུགས་ཆེ་བྱས་པ་དེ་ལྷུག་ཏུ་བཏང་བ། མངོན་གསལ་དོད་ཤོས་གཅིག་ནི་སྲིད་བློན་ཀི་ཤི་ཏས་ཉི་ཧོང་གི་དམག་དཔུང་འགྲོ་གྲོན་ཤུགས་ཆེར་སྤར་བ། དཔེར་ན་༢༠༢༢་ལོར་ཉེ་ཧོང་གི་དམག་དོན་ཆེད་ལོ་ལྔའི་ལས་འཆར་བཏོན་ཡོད་པ་དེ་ནི་ཉི་ཧོང་ཨ་རི་དང་རྒྱ་ནག་གི་རྗེས་འཛམ་གླིང་ནང་དམག་དོན་ཐོག་འགྲོ་གྲོན་མང་ཤོས་གཏོང་མཁན་ལ་གྱུར།

སྲིད་བློན་ཀི་ཤི་ཏས་ཉི་ཧོང་གི་བདེ་འཇགས་སྲིད་ཇུས་ལ་ཡང་འགྱུར་བ་ཆེན་པོ་་་བཏང་གནང་ཐུབ་པ་བྱུང་ཡོད་པ་དེ་ནི་ཨུ་རུ་སུས་ཡུ་ཀེ་རན་ལ་བཙན་འཛུལ་བྱས་པར་བརྟེན་ནས་བྱུང་། དེ་ཡང་སྲིད་བློན་ཀི་ཤི་ཏས་དེ་རིང་ཡུཀེ་རན་ནང་གང་བྱུང་བ་དེ་སང་ཉིན་ཨེ་ཤི་ཡའི་ཤར་ཁུལ་ས་ཁུལ་ནང་དུ་ཡང་ཡོང་སྲིད་པ་རེད་ཅེས་གསུངས་པ་དང་། ཉི་ཧོང་མི་མང་གིས་དེར་རྒྱབ་སྐྱོར་ཆེན་པོ་བྱས་ནས་ཉི་ཧོང་ལ་ཤིན་ཏུ་གྱོང་འཁྲེགས་ཆེ་བའི་ཕྱི་སྲིད་སྲིད་ཇུས་དགོས་པར་ངོས་འཛིན་བྱས་འདུག

སྲིད་བློན་ཀི་ཤི་ཏས་ཕྱི་སྲིད་སྲིད་ཇུས་ཐད་ཤུགས་གནོན་རྒྱག་ས་གཞན་གཅིག་ནི་ཐེ་ཝན་ཡིན་པ་དང། ཉི་ཧོང་གིས་ཐེ་ཝན་སྲུང་སྐྱོབ་བྱ་རྒྱུའི་ཁས་ལེན་བྱས་མེད་ནའང་སྲིད་བློན་ཀི་ཤི་ཏས་ཐེ་ཝན་གྱི་མང་གཙོར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། ཐེ་ཝན་མཚོ་ཁའི་གནས་སྟངས་བརྟན་ལྷིང་ཡོང་བར་འབད་རྩོན་བྱེད་མཁན་གྱི་རྒྱལ་ཁབ་ཁག་དང་མཉམ་ལས་གནང་རྒྱུ་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་རེད།

ཡིན་ནའང་སྲིད་བློན་ཀི་ཤི་ཏ་ས་ཉི་ཧོང་གི་དཔལ་འབྱོར་ལས་དོན་གནང་སྟངས་ཐད་ཉི་ཧོང་གི་འོས་ཤོག་འཕེན་མཁན་མང་པོས་དགའ་མོས་བྱེད་ཀྱི་མེད་པ་མ་ཟད། ཀི་ཤི་ཏའི་སྲིད་གཞུང་ལ་ཉི་ཧོང་ནང་བྱུང་བཞིན་པའི་དཔལ་འབྱོར་གྱི་དཀའ་ངལ་རྣམས་སེལ་བའི་འཆར་གཞི་ཡག་པོ་མེད་པ་དང། སྲིད་བློན་ཀི་ཤི་ཏ་དང་ཁོང་གི་ལས་རོགས་ཚོས་རྒྱལ་ནང་དུ་དངོས་ཟོག་གི་རིན་གོང་འཕར་ཆ་ཆེ་བའི་དཀའ་ངལ་སེལ་མ་ཐུབ་པ་དང་དེ་འདྲིའ་དངོས་ཟོག་གི་རིན་གོང་འཕར་ཚད་ཆེ་བའི་གནས་སྟངས་དེ་ནི་ཨུ་རུ་སུ་ཡིས་ཡུཀེ་རན་ལ་དམག་འཁྲུག་བརྒྱབ་པའི་རྗེས་སུ་ཇེ་སྡུག་ཏུ་ཕྱིན་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་འདུག

ཨ་རི་རླུང་འཕྲིན་ཁང་གི་གསར་ཁང་ནས་བཏུས

གསར་འགོད་པ། རྒྱལ་མཚནས་ཚེ་རིང་།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།