ཨིས་རལ་དང་ཧེཛ་བྷོ་ལས་འཐབ་འཛིངས་བྱེད་མཚམས་བཞག

ཨིས་རལ་གྱིས་ལེ་བ་ནན་གྱི་མཚོ་ཁའི་གྲོང་ཁྱེར་ཏི་ཡར་གྱི་ཆུ་ཁར་གནམ་གྲུ་བཏང་སྟེ་གནམ་ཐོག་ནས་ཧ་མས་འགོ་འཁྲིད་ཞིག་འཚོལ་ཐབས་བྱས་འདུག

Your browser doesn’t support HTML5

ཨིས་རལ་དང་ཧེཛ་བྷོ་ལས་འཐབ་འཛིངས་བྱེད་མཚམས་བཞག

ཨིས་རལ་དང་ལེབ་ནན་གྱི་དྲག་སྤྱོད་ཤོག་ཁ་ཧེཛ་བྷོ་ལའི་དབར་ལོ་བཅུ་ཕྲག་མང་པོ་ཕྱིན་པའི་འཐབ་འཛིངས་དང་། ལྷག་པར་གྷ་ཛའི་དམག་འཁྲུག་གི་རྐྱེན་གྱིས་དུས་ཚོད་སྔ་ཕྱི་ཙམ་མ་གཏོགས་ཨིས་རལ་དང་ལེ་བ་ནན་གྱི་ཧེཛ་བྷོ་ལའི་དབར་དམག་འཁྲུག་ཤུགས་ཆེ་ལངས་ཉེར་གྱུར་ཡོད།

ཧེཛ་བྷོ་ལའི་འགོ་འཁྲིད་ཧ་སན་གྱིས་ཟླ་བ་སྔོན་མར་རྒྱལ་ས་བྷཻ་རུཊ་ལ་ཨིས་རལ་གྱིས་གཏོར་རྒོལ་བྱས་ཏེ་ང་ཚོའི་འགོ་འཁྲིད་ཤུ་ཀར་བསད་པར་ཨིས་རལ་གྱི་ཐོག་གཏོར་རྒོལ་ཤུགས་ཆེ་བ་གཞན་པ་ཞིག་བྱེད་ཀྱི་མིན་ཞེས་ངས་ཤོད་ཀྱི་མིན་ཞེས་བཤད་ཡོད་པ་དང་། ཨིས་རལ་གྱི་སྲིད་བློན་ནེ་ཏན་ཡ་ཧུས་ཀྱང་ང་ཚོ་དང་ཧེཛ་བྷོ་ལ་གཉིས་དབར་གྱི་འཐབ་འཛིངས་ཀྱི་ལེའུ་རྫོགས་མེད་ཅེས་གསུངས་ཡོད།

སྔར་ལོའི་ཕྱི་ཟླ་༡༠པའི་ནང་གྷ་ཛའི་དམག་འཁྲུག་འགོ་ཚུགས་པའི་རྗེས་ཙམ་ནས་ལེ་བ་ནན་གྱི་ཧེཛ བྷོ་ལ་དང་ཨིས་རལ་གྱི་དབར་ཉིན་ལྟར་ཕན་ཚུན་གཏོར་རྒོལ་ཐར་ཐོར་བྱེད་རེས་མུ་མཐུད་བྱས་ཡོད་པ་དེ་ཚོ་རེས་གཟའ་ཟླ་བ་ནས་སླར་ཡང་འགོ་འཛུགས་བྱས།

ལེ་བ་ནན་གྱི་ས་གནས་གསར་ཁང་ཞིག་གིས་བཤད་གསལ་ལ། ཨིས་རལ་གྱིས་རེས་གཟའ་ཟླ་བའི་ཉིན་ཨིས་རལ་གྱི་ས་མཚམས་དང་ཉེ་བའི་ལེབ་ནན་གྱི་མཚོ་ཁའི་གྲོང་ཁྱེར་སི་ཌོན་ལ་མི་མེད་འཕུར་འཁོར་ཞིག་བཏང་སྟེ་ཧ་མས་དྲག་སྤྱོད་པའི་འགོ་འཁྲིད་ཞིག་གསོད་ཐབས་བྱས་འདུག་ཀྱང་། ཧ་མས་འགོ་འཁྲིད་དེ་རང་གི་སྣུམ་འཁོར་ལ་གཏོར་རྒོལ་བྱུང་མ་ཐག་སྣུམ་འཁོར་ནས་ལམ་གསེང་ཕྱིར་ཐོན་ཐུབ་ནས་རང་སྲོག་སྐྱོབ་ཐབས་བྱེད་ཐུབ་འདུག

ཨིས་རལ་གྱིས་ལེ་བ་ནན་གྱི་མཚོ་ཁའི་གྲོང་ཁྱེར་ཏི་ཡར་གྱི་ཆུ་ཁར་གནམ་གྲུ་བཏང་སྟེ་གནམ་ཐོག་ནས་ཧ་མས་འགོ་འཁྲིད་ཞིག་འཚོལ་ཐབས་བྱས་འདུག་ཀྱང་། མཚོ་ཁར་མི་མང་པོ་ཡོད་པ་དེས་རྐྱེན་གྱིས་དྲག་སྤྱོད་པའི་འགོ་འཁྲིད་དེ་ངོ་རྟགས་ཆོད་ཐུབ་མི་འདུག

རང་ལོ་༢༠ཡིན་པ་མིང་སྨོས་བྱེད་འདོད་མེད་པའི་ལེ་བ་ནན་གྱི་གཞོན་སྐྱེས་ཞིག་གིས་རེས་གཟའ་ཟླ་བའི་ཉིན་གསར་འགོད་པ་ཚོར་སྐད་ཆ་ཤོད་སྐབས་ཨིས་རལ་དང་ཧེཛ་བྷོ་ལའི་དབར་གྱི་འཁོན་རྩོད་དེ་ཞི་འཇམ་དུ་ཕྱིན་ཏེ་ཞི་བདེ་སྔར་སོར་ཆུད་པ་ནང་བཞིན་འདུག་ཅེས་བཤད་འདུག

ཕྱི་འབྲེལ་ཐབས་བྱུས་ཀྱི་མི་སྣ་ཚོས་ཨིས་རལ་དང་ཧེཛ་བྷོ་ལ་གཉིས་ཀས་དམག་འཁྲུག་ཤུགས་ཆེ་ཞིག་བརྒྱབས་འདོད་མེད་པ་རྒྱལ་སྤྱིའི་གསར་འགྱུར་ལས་ཁང་ཚོར་བཤད་འདུག

ཧེཛ་བྷོ་ལས་བཤད་རྒྱུར། ཁོང་ཚོས་གྷ་ཛའི་ནང་མེ་འཕེན་མཚམས་འཇོག་གི་གྲོས་མོལ་ལམ་ལྷོང་ཡོང་རྒྱུ་དང་། གྲོས་མོལ་བྱེད་མཁན་ཚོར་དུས་ཚོད་གང་ཙམ་ཐོབ་རྒྱུར་ཨིས་རལ་ལ་གཏོར་རྒོལ་བྱ་རྒྱུ་ངང་འཐེན་བྱས་ཡོད་ཅེས་བཤད་འདུག

ཨེ་པི་གསར་ཁང་ནས་བཏུས།

གསར་འགོད་པ། ཕུན་ཚོགས་ཚེ་རིང་།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།