བལ་ཡུལ་གྱི་གསར་འགྱུར་ཀ་ཏ་མན་ཏུའུ་ཚགས་པར་ (Kathmandu Post)ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བལ་ཡུལ་གྱི་དཔལ་འབྱོར་བཟང་རྒྱུ་མེད་པའི་སྐབས་འདིར། རྒྱ་གར་གྱི་ཡུལ་སྐོར་བ་བལ་ཡུལ་དུ་ཡོང་བཞིན་པར་བལ་ཡུལ་གྱི་ཕྱོགས་ནས་དགའ་བསུ་ཞུས་འདུག ཡིན་ན་ཡང་རྒྱ་གར་གྱི་ཡུལ་སྐོར་བར་རྙོག་དྲ་དང་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་པ་རེད།
ན་ནིང་༢༠༢༣ ལོར་མཁའ་ལམ་གཅིག་པོ་བརྒྱུད་ནས་རྒྱ་གར་གྱི་ཡུལ་སྐོར་བ་འབུམ་༣ ཡོང་ཡོད་པར་བཤད་འདུག རྒྱ་གར་གྱི་ཡུལ་སྐོར་བ་བལ་ཡུལ་གྱི་ཡུལ་དུ་ཡོང་བ་འདིས་ཡུལ་སྐོར་ལས་རིགས་ཁག་ལ་ཁེ་ཕན་ཞིག་ཐོབ་ཐུབ་པའི་རེ་བ་རྒྱག་བཞིན་པ་རེད།
རྒྱ་གར་གྱི་ཡུལ་སྐོར་བ་ཕལ་ཆེ་བ་ས་མཚམས་བརྒྱུད་ནས་ཡོང་གིན་ཡོད་པ་མ་ཟད། བལ་ཡུལ་ཡུལ་སྐོར་ལྷན་ཚོགས་ཀྱི་གནས་ཚུལ་ལ་གཞིགས་ན། ལོ་རེར་རྒྱལ་གར་གྱི་ཡུལ་སྐོར་བ་ས་ཡ་གཅིག་ལྷག་བལ་ཡུལ་དུ་ཡོང་བཞིན་ཡོད་པ་དང་། འདིས་བལ་ཡུལ་གྱི་ཡུལ་སྐོར་ལས་རིགས་དར་རྒྱས་འགྲོ་རྒྱུར་ཕན་པ་དང་། ཡུལ་སྐོར་ལས་རིགས་དེ་བྲེལ་འཚབ་ཆེན་པོ་བཟོ་རྒྱུ་ཡིན་པ་གསལ་སྟོན་བྱས་འདུག
ཡང་ཡུལ་སྐོར་བའི་གྲངས་ཐོའི་གནས་ཚུལ་ཞིབ་ཕྲ་ཞིག་བཤད་ན། ས་ཐོག་ནས་ཡོང་བའི་ཡུལ་སྐོར་བ་རྣམས་སྲིད་གཞུང་གིས་ཡུལ་སྐོར་བའི་རིགས་ལ་ཐོ་བརྒྱབ་མེད་པ་མ་ཟད། གཞུང་གི་གྲངས་ཐོའི་ནང་དུའང་ཚུད་མེད་པ་ཚགས་པར་ཁང་གིས་འགྲེལ་བརྗོད་བྱས་འདུག
གང་ལྟར། ༢༠༡༧ ལོར་ས་ཐོག་ནས་ཡོང་པའི་ཡུལ་སྐོར་བར་ཞིབ་འཇུག་བྱས་པའི་གྲངས་ཐོ་ལྟར་ན། ལོ་དེར་རྒྱལ་གར་གྱི་ཡུལ་སྐོར་བ་ས་༡ དང་འབུམ་༢ ལྷག་བལ་ཡུལ་དུ་ཡོང་འདུག ད་ལྟའི་གྲངས་ཚད་དེ་སྔོན་གྱི་གྲངས་ཚད་ལས་མཐོ་བར་ཚོད་དཔག་བྱེད་བཞིན་པ་རེད།
ཡུལ་སྐོར་བའི་གྲངས་འབོར་འཕེལ་མིན་ལ་མ་བལྟས་བར། རྒྱ་གར་གྱི་ཡུལ་སྐོར་བ་ཚོས་དགོས་པ་མེད་པའི་རྙོག་དྲ་མང་པོར་གདུང་ལེན་བྱེད་དགོས་ཀྱིན་འདུག་ཅེས་ཡུལ་སྐོར་ལས་རིགས་ཀྱི་ཚོང་པ་ཞིག་གིས་ཀ་ཏ་མན་ཏུའུ་ཚགས་པར་ཁང་ལ་བཤད་འདུག
སངས་རྒྱས་བཅོམ་ལྡན་འདས་ཀྱི་འཁྲུངས་ཡུལ་ལུམྦི་ནི་རུ་ཡུལ་སྐོར་གྱི་ཚོང་ལས་གཉེར་མཁན་སྐུ་ཞབས་ཆན་དན་སིན་ཀུན་ཝར་ (Chandan Singh Kunwar) གྱིས་བཤད་ན། རྒྱ་གར་གྱི་ཡུལ་སྐོར་བ་ཚོ་བལ་ཡུལ་དུ་ཡུལ་སྐོར་དང་གནས་མཇལ་སོགས་ལ་འགྲོ་རྒྱུར་སྤྲོ་བ་ཆེན་པོ་ཡོད་པ་རེད། འོན་ཀྱང་། ཁོང་ཚོ་ཕྱིར་ལོག་སྐབས་རྙོག་དྲ་མང་པོ་ཞིག་བཤད་རྒྱུ་ཡོད་པ་རེད་ཅེས་བཤད་འདུག
དང་པོ། སྤོག་ར་དང་། ཆིད་ཝན། (Pokhara, Chitwan)ཀ་ཏ་མན་ཏུའུ། ལུམྦི་ནིའི་ལྟ་བུའི་གནས་ཤིག་ལ་རྒྱ་གར་གྱི་ཡུལ་སྐོར་བ་མང་པོ་དུས་གཅིག་ཏུ་འབྱོར་བ་དང་།
གཉིས་ནས། ས་མཚམས་བརྒྱུད་ནས་ཡོང་མཁན་རྣམས་རྒྱལ་ཁབ་ཀྱི་འགག་སྒོ་བརྒྱུད་ནས་འགྲོ་དགོས་པ་རྒྱུན་ལྡན་ཡིན་ཀྱང་། བལ་ཡུལ་ཕྱོགས་ཀྱི་ལུམྦི་ནི་ལ་མཚོན་ན། ཀ་ཀར་ཧ་ཝ་ (Kakarhawa) རྒྱལ་མཚམས་ནས་སྤྱི་ལེ་ ༧ ནས་༨ བར་གྱི་རིང་ཐུང་མ་གཏོགས་མེད་ཀྱང་། མི་མང་མང་པོ་ཡོད་པ་རེད་ལ། རླངས་འཁོར་ཞིག་ཀ་ཀར་ཧ་ཝ་རྒྱལ་མཚམས་ནས་ལུམྦི་ནི་ལ་འགྲོ་དུས་ཕལ་ཆེར་སྤྱི་ལེ་གཉིས་རེའི་མཚམས་ན་ཞིབ་བཤེར་ས་ཚིགས་རེ་རེ་ཡོད།
ཐོག་མའི་རྒྱལ་མཚམས་བརྒྱུད་ཚར་བའི་རྗེས་སུ། ཡང་བསྐྱར་ཞིབ་བཤེར་ས་ཚིགས་ལྔ་ཙམ་བརྒྱུད་དགོས་བ་དེ་ལ་རྒྱ་གར་གྱི་ཡུལ་སྐོར་བ་ཚོ་སུན་སྣང་སྐྱེ་བཞིན་ཡོད་པ་ཡུལ་སྐོར་ལས་རིགས་ཚོང་གཉེར་བ་སྐུ་ཞབས་ཀུན་ཝར་གྱིས་གསར་འགོད་པར་བཤད་འདུག
དེ་མ་ཟད། རྒྱལ་གར་གྱི་ཡུལ་སྐོར་བ་དེ་ཚོ་འགག་འཕྲང་རེ་རེ་བརྒྱུད་སྐབས། བལ་ཡུལ་ཉེན་རྟོག་པ་དང་། དེ་ནས་དྲག་ཆས་ཉེན་རྟོག་པས་ཞིབ་བཤེར། ཡང་བསྐྱར་འགག་སྒོ་ནས་བརྟག་དཔྱད་བྱས་ནས་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་འགོར་གྱིན་ཡོད་པ་རེད། དེ་དག་ནི་དོན་མེད་རྙོག་དྲ་རེད་ཅེས་བཤད་འདུག
ད་ལྟ་གནས་ལུམྦི་ནིའི་ལྟ་བུ་ལ་མཚོན་ལ་གཞུང་ལམ་འཛུགས་སྐྲུན་བྱེད་ཀྱིན་ཡོད་པས་ཡུལ་སྐོར་བའི་འགྲོ་ལམ་མི་བདེ་བ་ཆགས་ཡོད་པའི་གནས་ཚུལ་དེའང་རྒྱ་གར་གྱི་ཡུལ་སྐོར་བར་མཚོན་ན་རྙོག་དྲ་ཞིག་ཆགས་ཡོད་པ་རེད།
ཡུལ་སྐོར་བ་རྣམས་ས་གནས་ཁག་ལ་འབྱོར་ཚར་ན། མགྲོན་ཁང་དང་། ཟ་ཁང་། ཁྲོམ་ལམ་གྱི་ཞོར་ཟས་ལ་སོགས་པར་དཔལ་འབྱོར་གྱི་ཁེ་ཕན་ཡོད་པ་དང་། རྒྱ་གར་གྱི་ཡུལ་སྐོར་བ་རྣམས་རུའུ་ཕན་དེ་ཧི་(Rupandehi) དང་། སེར་སྐྱའི་གྲོང་སོགས་ཡུལ་སྐོར་ས་གནས་དེ་དག་ཏུ་ལོ་སར་སྐབས་མི་མང་པོ་ཡོད་པས་ཡུལ་སྐོར་དང་ཚོང་ལས་ལ་ཁེ་ཕན་ཡོད་པ་རེད།
ཡང་རྒྱལ་གར་གྱི་ཡུལ་སྐོར་བར་རྙོག་དྲ་འཕྲད་བཞིན་པ་དེ་ལུམྦིའི་ནི་ཕྱོགས་ཀྱི་རྒྱལ་མཚམས་ཙམ་མ་ཡིན་པར། ཇ་མུ་ན་ཧ་(Jamunaha) དང་། བྷན་ཀེ་(Banke) ས་གནས་སུའང་ཉེན་རྟོག་པས་རྙོག་དྲ་བཟོ་བཞིན་པ་སྐུ་ཞབས་ཤྲི་རམ་སིག་དེལ་ (Shreeram Sigdel) གྱིས་གསར་འགོད་པར་བཤད་འདུག སྐུ་ཞབས་སིག་དེལ་ཡང་ཡུལ་སྐོར་ཚོང་ལས་གཉེར་མཁན་གྱི་ཚོང་པ་ཞིག་ཡིན་པས། ས་གནས་དེའི་གནས་སྟངས་ལ་ཆ་རྒྱུས་ཆེན་པོ་ཡོད་པ་རེད།
ཁོས་བཤད་པ་ཡིན་ན། ཡུལ་སྐོར་རླངས་འཁོར་རྣམས་འགག་སྒོ་ནས་ཐར་པའི་རྗེས་སུ་རྒྱ་གར་གྱི་རླངས་འཁོར་ཡིན་ན་དམིགས་བསལ་ལམ་ཡིག་ལེན་དགོས་པ་རེད། རྒྱ་གར་གྱི་ཡུལ་སྐོར་བ་མང་ཆེ་བས་རང་གི་སྒེར་འཁོར་བསྐོར་ནས་ཡོང་གིན་ཡོད་པས་ལམ་ཡིག་ལེན་རྒྱུ་དེ་དཀའ་ངལ་ཞིག་ཆགས་ཡོད་པ་རེད་ཅེས་བཤད་འདུག
ད་དུང་སྐུ་ཞབས་སིག་དེལ་གྱིས་མུ་འཐུད་དུ་བཤད་ན། གཞུང་ཕྱོགས་ནས་རྒྱ་གར་གྱི་ཡུལ་སྐོར་བ་དེ་དག་ལ་ཁོར་ཡུག་ཡག་པོ་བསྐྲུན་ཏེ། ཡུལ་སྐོར་བྱེད་རྒྱུར་སྟབས་བདེ་དང་། མཐུན་འགྱུར་བྱེད་དགོས་ཀྱིན་འདུག་ཅེས་བསམ་ཚུལ་བཤད་འདུག
རྒྱ་གར་བ་རྣམས་བལ་ཡུལ་དུ་ཡུལ་སྐོར་ལ་ཐེངས་ཤིག་འགྲོ་ན་ཞིབ་བཤེར་ས་ཚིགས་བཅུ་ཙམ་བརྒྱུད་དགོས་པ་དེ་དགོས་མཁོ་མེད་པའི་རྙོག་དྲ་ཡིན་པ་གསར་འགོད་པར་བཤད་འདུག
ཡང་ཐ་ཀུར་དེ་ཝ་ར་ (Thakurdwara) གྲོང་ཁྱེར་ན་ཡོད་པའི་མགྲོན་ཁང་ལྷན་ཚོགས་ཀྱི་གཙོ་འཛིན་མོ་ཧན་ཅོ་དྷ་རི་ (Mohan Chaudhary) ཡིས། ད་ལོའི་ལོ་སར་སྐབས་སུ་རྒྱལ་གར་གྱི་ཡུལ་སྐོར་བ་མང་པོར་སྣེ་ལེན་ཞུས་བ་ཡིན། ཁོང་ཚོ་སུ་ཡིན་ཡང་། ཕལ་ཆེ་བར་ཞིབ་བཤེར་གྱི་དཀའ་ངལ་འཕྲད་པ་མ་ཟད། རྒྱ་གར་གྱི་ཡུལ་སྐོར་བའི་སྟེང་ལ་མི་སྒེར་གྱི་སྤྱོད་པ་དང་རྣམ་འགྱུར་ཡང་ཡག་པོ་མེད་པ་མང་པོ་བཤད་རྒྱུ་འདུག་ཅེས་བརྗོད་འདུག
ཡང་ཡུལ་སྐོར་ཚོང་པ་སན་ཇེ་བྷ་ཇི་མ་ཡ་ཡིས་ (Sanjay Baji maya) བཤད་ན། རྒྱ་གར་གྱི་ཡུལ་སྐོར་བ་མང་པོར་བལ་ཡུལ་དུ་འབྱོར་དུས་དངུལ་གྱི་རྙོག་དྲ་ཞིག་འཕྲད་ཀྱིན་ཡོད་པའང་འགྲེལ་བརྗོད་བྱས་འདུག
ཁོས་བཤད་པ་ལྟར་ན། རྒྱལ་མཚམས་གྱི་མགྲོན་ཁང་མང་པོའི་ནང་ན་ཤོ་རྒྱག་ས་མང་པོ་བཙུགས་ཡོད་པ་དང་། དེ་དག་བལ་ཡུལ་གྱི་ས་ཐོག་ཏུ་ཡོད་ཀྱང་དམིགས་ཡུལ་ས་མཚམས་ཕར་ཕྱོགས་ཀྱི་རྒྱལ་གར་བ་ཡིན་ཀྱང་། རྒྱ་གར་བ་ཞིག་བལ་ཡུལ་དུ་འགྲོ་ན་རྒྱ་གར་དངུལ་སྨར་ཉིས་ཁྲི་ལྔ་སྟོང་ལས་འཁྱེར་མི་ཆོག་པ་རྒྱ་གར་གཞུང་གིས་བཟོས་ཡོད་པ་རེད།
ཤོ་རྒྱག་ཁང་མང་ཆེ་བས་རྒྱ་གར་གྱི་ཡུལ་སྐོར་བ་ཚོས་སྒོར་མོ་མང་པོ་གཏོར་ན་བསམ་གྱིན་ཡོད་པ་རེད་དེ། དངུལ་མང་པོ་འཁྱེར་མི་ཆོག་པ་དེའང་རྙོག་དྲ་ཞིག་རེད་ཅེས་བཤད་འདུག
ད་དུང་ཁོང་གིས་རྒྱ་གར་གྱི་ཡུལ་སྐོར་བ་དེ་ཚོ་བལ་ཡུལ་དུ་ཡོང་ན་དངུལ་གྱི་འགྲོ་སོང་ཡོད་པ་རེད། གཞུང་གིས་དངུལ་ལ་ཚོད་འཛིན་བྱེད་དགོས་དོན་ག་རེ་ཡིན་ན་ཞེས་དྲི་བ་འདྲི་བཞིན་ཡོད་པ་རེད།
དེ་མ་ཟད། རྒྱ་གར་གྱི་ཤོག་སྒོར་ལྔ་བརྒྱ་ཅན་དང་། ཆིག་སྟོང་ཅན་རྣམས་བལ་ཡུལ་དུ་འཁྱེར་མི་ཆོག་པར་བཟོས་ཡོད་པ་རེད།
སྐུ་ཞབས་སན་ཇེ་བྷ་ཇི་མ་ཡ་ཡིས་ནན་བཤད་བྱས་དོན་ཡིན་ན། གནས་ཚུལ་འདི་འདྲ་ཡིན་ན་ཡང་། རྒྱ་གར་གྱི་ཡུལ་སྐོར་བ་ཚོ་ད་དུང་མུ་འཐུད་ནས་བལ་ཡུལ་དུ་ཡོང་བཞིན་པ་འདི། ང་ཚོར་སྟབས་ཡག་པོ་བྱུང་བ་རེད། ངས་བསམ་ན་བལ་ཡུལ་གྱི་ཉེན་རྟོག་པས་རྒྱ་གར་གྱི་ཡུལ་སྐོར་བའི་སྟེང་ལ་དོན་མེད་རྙོང་དྲ་བཟོ་དགོས་དོན་མི་འདུག་ཅེས་གསར་འགོད་པར་བཤད་འདུག