རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་སུ་བར་མན་ཡམ་ ཇའི་ཤན་ཀར་གྱིས་རེས་གཟའ་ཟླ་བའི་ཉིན་གསལ་བསྒྲགས་གནང་བ་ལྟར་ན། རྒྱ་གར་དང་རྒྱ་ནག་གཉིས་ལོ་བཞིའི་རིང་འགལ་ཟླ་ཤུགས་ཆེ་རུ་ཕྱིན་པ་དང་དཔལ་འབྱོར་འབྲེལ་བར་དོ་ཕོགས་བྱུང་རྗེས་རྒྱ་དཀར་ནག་གཉིས་ཀྱིས་ས་མཚམས་སུ་དམག་དཔུང་སྟངས་འཛིན་ས་ཐིག་ཐོག་༢༠༢༠ལོའི་ས་མཚམས་ལྟ་སྲུང་བྱེད་ཕྱོགས་ལ་ཕྱིར་ལོག་བྱ་རྒྱུར་མོས་མཐུན་བྱུང་ཞེས་གསུངས་འདུག
ད་ལམ་གཉིས་མོས་གྱོས་མཐུན་བྱུང་བ་དེས་གྷལ་ཝན་ས་ཁུལ་ནང་རྒྱ་མིའི་དམག་མི་བཞི་དང་རྒྱ་གར་གྱི་དམག་མི་ཉི་ཤུ་འདས་གྲོངས་བྱུང་བའི་ས་མཚམས་རྩོད་རྙོག་སེལ་ཐབས་ལ་གོམ་པ་གལ་ཆེན་ཞིག་སྤོ་ཐུབ་པ་བྱུང་བ་རེད། རྒྱ་གར་གྱི་བརྙན་འཕྲིན་ཨན་ཌི་ཊི་ཝི་ལ་ཕྱི་སྲིད་བློན་ཆེན་འཇེ་ཤན་ཀར་གྱིས་གྲོས་མཐུན་དེས་རྒྱལ་ཁབ་གཉིས་དབར་ཞི་བདེ་དང་བདེ་འཇགས་ལ་ཕྱིར་ལོག་ཐུབ་རྒྱུར་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་གསུངས་འདུག
རྒྱ་གར་གྱི་ཚོང་ལས་སྤྱི་ཚོགས་ལ་མཚོན་ན། ས་མཚམས་རྩོད་རྙོག་རྐྱེན་པས་ཚོང་འབྲེལ་ཉམས་རྒུད་ཕྱིན་པའི་རྗེས་ད་ལམ་གྲོས་མཐུན་འཇོག་ཐུབ་པ་དེས་ཁོང་ཚོར་སེམས་གསོ་དང་རེ་བ་གསར་པ་ཞིག་ཡོང་གི་ཡོད། རྒྱ་སྐད་ཤེས་མཁན་གྱི་ཚོང་པ་ན་ཕི་སུལ་ཀི་ཇི་ལ་ནི་ནི་རྒྱ་གར་ནང་རྒྱ་ནག་གི་ཚོང་ལས་ཁག་གི་ཚོང་ཟོག་འགྲེམས་སྟོན་གོ་སྒྲིག་བྱེད་མཁན་ཡིན་པ་དང་། ཕྱི་འབྲེལ་མཚམས་ཆད་པ་དང་། མཐོང་མཆན་བཀག་སྡོམ་བྱས་པ། གཞུང་འབྲེལ་གྱི་འགལ་ཟླ་བྱུང་བ་བཅས་ཀྱིས་ཁོང་གི་ཚོང་ལས་ལ་བཀག་འགོག་བྱས་སོང་ཞེས་འགྲེལ་བརྗོད་བྱས་འདུག
ཁོང་གིས་ཨ་རི་རླུང་འཕྲིན་ཁང་གི་རྒྱ་སྐད་ཚན་པར་བཤད་དོན་། "ཕྱོགས་གཉིས་ཀའི་ཚོང་ལས་ལ་གྱོང་གུན་ཆེན་པོ་བྱུང་ཡོད་པ་དང་། རྒྱལ་ཁབ་གཉིས་ཀའི་ཚོང་པ་ཚོས་གནས་སྟངས་ཡག་པོ་ཆགས་རྒྱུར་རེ་སྒུག་བྱེད་ཀྱི་ཡོད་ཀྱང་བཟང་ཕྱོགས་ཀྱི་རེ་བ་ཉིན་རེ་བཞིན་ཆུང་དུ་འགྲོ་གི་འདུག་ཅེས་འགྲེལ་བརྗོད་བྱས་འདུག ས་མཚམས་ཀྱི་རྩོད་རྙོག་དེས་ས་ཁུལ་དེའི་ཚོང་ལས་ཆ་ཚང་ལ་ཤུགས་རྐྱེན་ཐེབས་ཡོད་པ་རེད།
རྒྱ་སྐད་ཤེས་མཁན་ཚོང་པ་དེས་ཨ་རི་རླུང་འཕྲིན་ཁང་ལ་བརྗོད་དོན་ ད་ལྟའི་ཆར་མཐོང་མཆན་ཝི་ས་སྤྲོད་ཀྱི་མེད་པས་འགྲེམས་སྟོན་དང་ཡུལ་སྐོར་སྤྲོ་འཆམ་ལས་རིགས་ལ་དཀའ་ངལ་ཆེན་པོ་འཕྲད་ཀྱི་འདུག་པ་དང་།་ད་དུང་མགྲོན་ཁང་། སྐྱེལ་འདྲེན། ཡུལ་སྐོར་སྤྲོ་འཆམ་བཅས་ཚང་མར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་མ་ཟད་། ས་ཁུལ་དེའི་ནང་ལས་མེད་ཇེ་མང་དུ་འགྲོ་བཞིན་འདུག་ཅེས་བཤད་འདུག
འོན་ཀྱང་དེ་རིང་རྒྱ་དཀར་ནག་གཉིས་ཀྱིས་ས་མཚམས་སྲུང་སྐྱོབ་ཐད་གཉིས་མོས་བྱུང་བར་བརྟེན། ཇི་ལ་ནི་ལ་རེ་བ་གསར་པ་བྱུང་ཡོད་པ་རེད། རྒྱ་ནག་ལ་ཇ་ཕྱིར་ཚོང་བྱེད་མཁན་ཚོང་པ་ཇི་ཏན་དྷར་ ཅན་ཌག་གིས་བརྗོད་དོན་ལ་ ས་མཚམས་སྲུང་སྐྱོབ་བྱེད་ཕྱོགས་ལ་གྲོས་མཐུན་གསལ་བསྒྲགས་བྱས་པ་དེས་ཕྱོགས་གཉིས་དབར་འབྲེལ་བ་ཡར་རྒྱས་འགྲོ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་བྱས་འདུག
ཁོང་གིས་ཨ་རི་རླུང་འཕྲིན་ཁང་ལ་བརྗོད་དོནོན། ད་ཆ་འབྲེལ་བ་རྒྱུན་ལྡན་དུ་འགྱུར་རྒྱུ་ཡིན་པས་མཐའ་མ་ངས་ཚོང་ཟོག་ཚོང་ཐུབ་པ་དང་གྲོགས་པོ་ཚོ་རྒྱ་གར་ལ་གདན་འདྲེན་ཞུ་ཐུབ་པ་དང་། ཚོང་ལས་མུ་མཐུད་རྒྱ་སྐྱེད་གཏོང་ཐུབ་ཀྱི་རེད་ཅེས་བཤད་འདུག
ཁོང་གི་རེ་བ་དེས་རྒྱ་ནག་གི་ཚོང་པ་དང་མཉམ་དུ་འབྲེལ་བ་བསྐྱར་གསོ་བྱ་རྒྱུའི་གོ་སྐབས་སྒུག་བཞིན་པའི་ཚོང་ལས་ཆུང་ཆུང་གི་བདག་པོ་ཚོའི་བསམ་ཚུལ་ཡང་མཚོན་གྱི་ཡོད། རྒྱ་དཀར་ནག་ཚོང་འབྲེལ་ཚོགས་པའི་ཚོགས་གཙོ་ན་རེཤ་གུབ་ཏས་བརྗོད་རྒྱུར། སྲུང་སྐྱོབ་གཉིས་མོས་དེ་ད་ལྟའི་རྩོད་རྙོག་གི་ཐབས་ལམ་ཙམ་མ་ཡིན་པར། ཨེ་ཤ་ཡའི་རྒྱལ་ཁབ་ཆེན་པོ་གཉིས་དབར་དཔལ་འབྱོར་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་ནུས་པའང་ལྡན་ཡོད་ཅེས་བཤད་འདུག
འདས་པའི་ལོ་བཞིའི་རིང་གི་རྩོད་རྙོག་སྐབས་སུ་རྒྱལ་ཁབ་གཉིས་ཀས་ས་མཚམས་སུ་དམག་མི་ཁྲི་ཕྲག་མང་པོ་འགྲེམས་འཇོག་བྱས་ཡོད་པ་དང་། རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཝི་ཀརམ་ མིས་རིས་གཉིས་མོས་ཀྱི་གནད་དོན་ཁག་འགྲེལ་བརྗོད་བྱེད་སྐབས། རྒྱལ་ཁབ་གཉིས་ཀས་དངོས་དོན་དམག་དཔུང་སྟངས་འཛིན་ས་ཐིག་གི་གལ་ཆེའི་རང་བཞིན་ལ་མོས་མཐུན་བྱས་ཡོད་པ་དང་། དེས་མ་འོངས་པར་ས་མཚམས་སུ་ཞི་བདེ་དང་བདེ་འཇགས་ཡོང་བའི་རྨང་གཞི་འདིང་གི་ཡོད་ཅེས་ནན་བརྗོད་བྱས་འདུག ད་ལམ་གྲོས་མཐུན་དེའི་ཐད་རྒྱ་ནག་གཞུང་གིས་ད་བར་གཞུང་འབྲེལ་འགྲེལ་བརྗོད་གང་ཡང་བྱས་མི་འདུག་པ་དང་།
རྒྱ་དཀར་ནག་གཉིས་ཀྱིས་ས་མཚམས་སྟངས་འཛིན་ཐད་གྲོས་མོས་དེ་ནི་ཨུ་རུ་སུས་གོ་སྒྲིག་བྱས་པའི་འཕེལ་རྒྱས་འགྲོ་བཞིན་པའི་དཔལ་འབྱོར་ལྡན་པའི་རྒྱལ་ཁབ་བྷི་རིཀ་ས་ཚོགས་པའི་ལོ་འཁོར་ཚོགས་འདུར་རྒྱ་གར་གྱི་སྲིད་བློན་ན་རེན་དར་མོ་དྷི་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་ཞུགས་རྒྱུའི་ཉིན་གཅིག་གི་སྔོན་དུ་གསལ་བསྒྲགས་བྱས་པ་གཅིག་ཡིན་པ་རེད།
བྷི་རིག་ས་ནི་་བྷ་རེ་ཛིལ། ཨུ་རུ་སུ། རྒྱ་གར། རྒྱ་ནག་དང་ལྷོ་ཨ་ཕི་རི་ཀ་བཅས་ཀྱི་ཟུར་འཛུགས་བྱས་པའི་སྡེ་ཚོགས་གཅིག་ཡིན་པ་དང་། རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་གཉིས་མོས་དེས་བྷི་རིག་ས་ ཚོགས་འདུའི་ཞོར་དུ་་མོ་དི་དང་ཞི་ཅིན་ཕིང་དབར་ཐད་ཀའི་གྲོས་མོལ་བྱ་རྒྱུའི་ལམ་བུ་བཟོ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད།