༄༅།། ལ་དྭགས་པ་ཚོས་ལོ་ཤས་གོང་ནས་མངའ་སྡེའི་ཐོབ་ཐང་དགོས་ཞེས་འཐབ་རྩོད་བྱེད་ཀྱི་ཡོད་ཅིང་། ཕྱི་ཟླ་༡༡་པའི་ཚེས་༧་ཉིན་ཀསྨིར་གྱི་འཚོ་བ་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་ནང་སྲིད་ལྷན་ཁང་ནས་ལ་དྭགས་ཀྱི་གནད་ཡོད་སྐུ་ཚབ་༦་ལྡི་ལི་གསར་པར་གྲོས་མོལ་བྱེད་དུ་ཤོག་ཅེས་མགྲོན་འབོད་བྱས་འདུག གྲོས་མོལ་དེ་ཕྱི་ཟླ་༡༢་པའི་ཚེས་༣་ཉིན་འཚོགས་རྒྱུ་དང་རྒྱ་གར་གྱི་ནང་སྲིད་བློན་ཆེན་གཞོན་པ་ཎི་ཏི་ཡ་ནན་ད་ར་ཡེས་(Nityanand Rai)་ཚོགས་འདུར་གཙོ་སྐྱོང་བྱ་རྒྱུ་ཡིན་ཞིང་། རྒྱ་གར་གྱི་ནང་སྲིད་དྲུང་ཆེ་སོགས་མཐོ་རིམ་ལས་སྣེ་ཁག་ཀྱང་གྲོས་མོལ་དེར་མཉམ་ཞུགས་བྱ་རྒྱུའི་གནས་ཚུལ་ཐོན་འདུག
ལ་དྭགས་ཀྱི་གླེའི་འགོ་གཙོ་ལྷན་ཚོགས་དང་མཁར་དཀྱིལ་དམངས་གཙོ་མཉའ་འབྲེལ་ཚོགས་པའི་མཐོ་རིམ་སྐུ་ཚབ་གྲས་སུ་གྲོས་ཚོགས་འཐུས་མི་ཟུར་པ་ཐུབ་བསྟན་ཚེ་དབང་དང་ལག་རུག་ཚེ་རིང་རྡོ་རྗེ། ཀོང་རེ་སི་ཚོགས་པའི་འགོ་ཁྲིད་ཇོ་ར་ངག་དབང་རིག་འཛིན། མཁར་དཀྱིལ་བ་ཨོ་མར་ཨ་ལི་ཨག་ཧུན་དང་ཨ་ས་གྷར་ཀར་བྷ་ལེ། ལས་འགུལ་བ་མཁར་དཀྱིལ་ས་ཇཱ་ད་སོགས་ཡོད་ཅིང་། ལ་དྭགས་ཀྱི་སྐུ་ཚབ་ཚོས་རྒྱ་གར་གཞུང་ལ་དབུས་ཐད་སྐྱོང་མངའ་ཁུལ་དེར་མངའ་སྡེའི་ཐོབ་ཐང་དགོས། རྒྱ་གར་གྱི་རྩ་ཁྲིམས་དོན་ཚན་དྲུག་པའི་ཁྱབ་ཁོངས་སུ་ཚུད་དགོས། གླེ་དང་མཁར་དཀྱིལ་གཉིས་ལ་རྒྱལ་ཡོངས་གྲོས་ཚོགས་སུ་འཐུས་མི་རེའི་གདན་ཐོབ་དགོས། ལ་དྭགས་ལ་ལས་བྱེད་བདག་གཉེར་ཁང་གསར་འཛུགས་བྱེད་ཆོག་པའི་དབང་ཚད་དགོས་ཞེས་དགོས་འདུན་དོན་ཚན་༤་བསྐྱར་དུ་འདོན་རྒྱུའི་གནས་ཚུལ་ཐོན་འདུག
ལ་དྭགས་ཀྱི་སྐུ་ཚབ་གྲས་སུ་གླེའི་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་གཙོ་འཛིན་བཀྲ་ཤིས་རྒྱལ་མཚན་དང་མཁར་དཀྱིལ་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་གཙོ་འཛིན་འབུམ་རམས་པ་ཛ་ཧྥར་ཨག་ཧུན་སོགས་ཀྱང་གདན་འདྲེན་ཞུས་འདུག རྒྱ་གར་གཞུང་གིས་༢༠༢༣་ལོའི་ཕྱི་ཟླ་དང་པོའི་ཚེས་༢་ནས་ཚོགས་ཆུང་ལོགས་སུ་བཙུགས་ཏེ་ལོ་དེའི་ཕྱི་ཟླ་༡༡་པའི་ཚེས་༣༠་བར་དུ་ལ་དྭགས་ལ་མངའ་སྡེའི་གནས་བབ་སྤྲོད་དགོས་མིན་ཞིབ་འཇུག་བྱས་ཏེ་མངའ་སྡེའི་ཐོབ་ཐང་དང་རྩ་ཁྲིམས་དོན་ཚན་དྲུག་པའི་ནང་དུ་འཁོད་པའི་ཐོབ་ཐང་རྣམས་སྤྲོད་མི་ཐུབ། ལ་དྭགས་ཀྱི་རིག་གཞུང་དང་དཔལ་འབྱོར་ཁེ་ཕན་སྲུང་སྐྱོབ་སོགས་ལ་བསམ་ཞིབ་བྱེད་ཆོག་ཅེས་ཐག་བཅད།།
ད་ལོའི་ཕྱི་ཟླ་༨་པའི་ཚེས་༢༦་ཉིན་རྒྱ་གར་གྱི་ནང་སྲིད་བློན་ཆེན་ཨ་མི་ཏ་ཤཱས་(Amit Shah)་ལ་དྭགས་ཀྱི་ཟངས་དཀར་དང་དཱ་རས། གཤམ་དང་ནུབ་ར། བྱང་ཐང་བཅས་ལ་རྫོང་ཁག་གསར་པ་ལྔ་བཙུགས། དཱ་རས་ནི་མཁར་དཀྱིལ་གྱི་ཁོངས་སུ་ཡོད་པ་དང་རྒྱ་གར་གྱི་ནང་སྲིད་ལྷན་ཁང་གིས་ལ་དྭགས་ཀྱི་ས་གནས་ཁག་གི་འཛུགས་སྐྲུན་ཡར་རྒྱས་དང་སྤྱི་དམངས་ལ་སྲི་ཞུ་ནུས་པ་ཐོན་པ་ཞིག་བསྒྲུབ་པར་རྫོང་ཁག་ལྔ་གསར་འཛུགས་བྱ་རྒྱུའི་ཐག་བཅད་པ་ཡིན་ཞེས་བསྒྲགས། དེང་སྐབས་ལ་དྭགས་ལ་གླེ་དང་མཁར་དཀྱིལ་ཞེས་རྫོང་ཁག་གཉིས་ལས་མེད་པ་དང་ནང་སྲིད་བློན་ཆེན་གྱིས་སྲིད་བློན་མོ་དྷིས་ལ་དྭགས་ཡར་རྒྱས་ཕུན་སུམ་ཚོགས་པ་ཞིག་ཏུ་བསྒྱུར་རྒྱུའི་ཕུགས་བསམ་མངོན་དུ་འགྱུར་བར་ནང་སྲིད་ལྷན་ཁང་གིས་དབུས་ཐད་སྐྱོང་མངའ་ཁུལ་དེར་རྫོང་ཁག་ལྔ་གསར་དུ་འཛུགས་རྒྱུའི་ཐག་བཅད་པ་ཡིན། རྫོང་ཁག་གསར་པ་ལྔ་བཙུགས་ན་ས་གནས་མང་ཚོགས་ལ་སྲི་ཞུ་བསྒྲུབ་རྒྱུ་སོགས་ཕྱོགས་གང་དུ་སྟབས་བདེ་རུ་འགྲོ་ཐུབ་ཅེས་བཀྲལ།།
༢༠༡༩་ལོར་རྒྱ་གར་གཞུང་གིས་ཇམ་མུ་ཀསྨིར་མངའ་སྡེའི་ཐོབ་ཐང་ཕྱིར་བསྡུ་བྱས་ནས་ཇམ་མུ་ཀསྨིར་དང་ལ་དྭགས་བཅས་པ་དབུས་ཐད་སྐྱོང་མངའ་ཁུལ་གཉིས་སུ་བགོས། ཐོག་མར་ལ་དྭགས་ཀྱི་ནང་པ་ཚོས་ས་གནས་དེར་དབུས་ཐད་སྐྱོང་མངའ་ཁུལ་གྱི་གནས་བབ་ཐོབ་པར་དགའ་བསུ་ཞུས། ཕྱིས་སུ་དབུས་ཐད་སྐྱོང་མངའ་ཁུལ་གྱི་འཛིན་སྐྱོང་འོག་ཏུ་ལ་དྭགས་ལ་མངའ་སྡེའི་གྲོས་ཚོགས་འཛུགས་ཆོག་པའི་ཐོབ་ཐང་མེད་པ་དང་བཅའ་ཁྲིམས་བཟོ་མི་ཆོག་པ། ལ་དྭགས་ཀྱི་ལས་བྱེད་པ་དང་ཤེས་ཡོན་སློབ་སྦྱོང་གི་ས་མིག་རྣམས་ས་གནས་མི་མང་ལ་ཟུར་འཇོག་བྱེད་ཀྱི་མེད་པ། དབུས་ཐད་སྐྱོང་མངའ་ཁུལ་གྱི་གནས་བབ་འོག་ཏུ་ལ་དྭགས་ཀྱི་ས་ཆ་དང་རང་བྱུང་འཁོར་ཡུག་སྲུང་སྐྱོབ་བྱེད་མི་ཐུབ་པ། རྒྱ་གར་གྱི་མངའ་སྡེ་ཁག་ནས་མི་གྲངས་ཁྲི་ཚོ་མང་པོ་གནས་སྤོར་བྱས་ནས་ལ་དྭགས་པ་ཚོ་རང་ཡུལ་དུ་གྲངས་ཉུང་མི་རིགས་ཤིག་ཏུ་འགྱུར་རྒྱུའི་མཚམས་སུ་བསླེབས་པར་མ་ཟད། ལ་དྭགས་པའི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་རྣམས་རྩ་བརླག་འགྲོ་རྒྱུའི་ཉེན་ཁ་ཆེ་རུ་སོང་།།
ཉེ་ཆར་ཕྱི་ཟླ་༡༠་པའི་ཚེས་༢༡་ཉིན་རྒྱ་གར་གྱི་ཨེ་ཤི་ཡའི་རྒྱལ་སྤྱི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལ་དྭགས་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་བསོད་ནམས་དབང་ཕྱུག་གིས་མངའ་སྡེའི་ཐོབ་ཐང་དོན་དུ་ཟས་བཅད་ངོ་རྒོལ་བྱས། རྒྱ་གར་གྱི་ནང་སྲིད་ལྷན་ཁང་གིས་ཕྱི་ཟླ་༡༢་པའི་ཚེས་༣་ཉིན་ལ་དྭགས་ཀྱི་སྐུ་ཚབ་ཚོར་གྲོས་མོལ་བྱ་རྒྱུའི་ཁས་ལེན་བྱས་ནས་ཟས་བཅད་ངོ་རྒོལ་མཚམས་བཞག བསོད་ནམས་དབང་ཕྱུག་གི་ཟས་བཅད་ངོ་རྒོལ་ལ་རྒྱ་གར་བ་དང་ལ་དྭགས་པ་སོགས་ཀྱི་རྒྱབ་སྐྱོར་ཆེན་པོ་ཐོབ། ཁོང་གིས་ལ་དྭགས་པ་ཚོར་རང་གི་ས་ཆ་སྲུང་སྐྱོབ་ཀྱི་ཁྲིམས་བཟོ་ཆོག་པའི་ཐོབ་ཐང་མེད་ཚེ། རྒྱ་གར་གྱི་བཟོ་ཚོང་ལས་ཁུངས་ཁག་གིས་འཛུགས་སྐྲུན་གྱི་ལས་གཞི་གཉེར་ནས་གཏེར་ཁ་བརྐོས། ལ་དྭགས་ཀྱི་སྐྱེ་ཁམས་ཉམས་དམས་སུ་གཏོང་རྒྱུ་རེད་ཅེས་རྒྱུ་མཚན་བགྲངས་སོ།།