རྒྱ་གར་བ་སྟོང་ཚོ་མང་པོས་ར་ཏན་ ཀྲ་ཀྲ་འདས་གྲོངས་གྱུར་བར་མྱ་ངན་རྗེས་དྲན་ཞུས།

རྒྱ་གར་གྱི་ཚོང་དཔོན་ཆེན་མོ་ར་ཏན་ཀྲ་ཀྲ་རེས་གཟའ་ལྷག་པའི་ཉིན་གྲོང་ཁྱེར་མུམ་བྷའེ་ནང་འདས་གྲོངས་སོང་འདུག

ཧ་ཅང་གྲགས་ཆེ་བའི་རྒྱ་གར་གྱི་ཚོང་དཔོན་ཆེན་མོ་ར་ཏན་ཀྲ་ཀྲ་རེས་གཟའ་ལྷག་པའི་ཉིན་གྲོང་ཁྱེར་མུམ་བྷའེ་ནང་འདས་གྲོངས་སོང་འདུག་པ་དང་། ཁོང་དགུང་གྲངས་༨༦ ཡིན་པ་རེད། ཁོང་འདས་གྲོངས་སོང་བའི་ཉིན་མོ་སྟེ་རེས་གཟའ་ལྷག་པའི་ཉིན་མོ་དེ་མུམ་བྷའེ་གྲོང་ཁྱེར་ནང་མྱ་ངན་རྗེས་དྲན་གྱི་ཉིན་མོར་སྲུང་བརྩི་བྱས་འདུག་པ་མ་ཟད། རྒྱ་གར་གྱི་སྲིད་བློན་མོ་དྷི་དབུས་པའི་ཆབ་སྲིད་མི་སྣ་དང་ཚོང་ལས་སྡེ་ཁག་གི་འགོ་ཁྲིད། དེ་བཞིན་གློག་བརྙན་འཁྲབ་མཁན། ཁོང་གི་ཚོང་ལས་སྡེ་ཚན་འབྲེལ་ཡོད་འགོ་ཁྲིད་དང་ལས་བྱེད། རོགས་ཕན་བྱེད་ཡུལ་ཉམ་ཐག་མི་མང་བཅས་སྟོང་ཕྲག་མང་པོས་མྱ་ངན་གུས་འདུད་ཞུས་འདུག ཚོང་དཔོན་ཆེ་མོ་་ཀྲ་ཀྲའི་ཚོང་ལས་སྡེ་ཚན་གྱི་ལས་ཐོག་ཚོགས་གཙོ་ན་ཏ་རཱ་འཇན། ཅན་ཌྲ་ཤེ་ཀ་རན་གྱིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་ར་ཏན་ ཀྲ་ཀྲ་འདས་གྲོངས་སོང་བ་དེས་ཤིན་ཏུ་བློ་ཕམ་དང་ཡིད་གདུང་དྲག་པོས་མྱ་ངན་གུས་འདུད་ཞུ་ཡི་ཡོད། ཕུལ་བྱུང་གི་དབུ་ཁྲིད་ཁོང་གི་མཛད་རྗེས་ནི་ཀྲ་ཀྲ་ཚོང་ལས་སྡེ་ཚོགས་ཙམ་མ་ཟད། རྒྱལ་ཁབ་རྩ་འཛུགས་ཀྱི་སྒྲོམ་གཞི་ཡང་རེད། ཁོང་གིས་རྩ་འཛིན་གནང་པའི་དམ་བཅའ་ཁག་གིས་ང་ཚོར་མུ་མཐུད་བློ་བསྐྱེད་ཐོབ་རྒྱུ་རེད་ཅེས་སོགས་གསུངས་ནས་ཉེ་ལྟོས་གྲོགས་འདྲིས་ཡོངས་ལ་ཐུགས་་གསོ་ཞུས་འདུག དེ་བཞིན་རྒྱ་གར་གྱི་སྲིད་བློན་ན་རེན་ཌྲ། མོ་ཌིས་སྐུ་ཞབས་ཀྲ་ཀྲ་དམ་པས་རྒྱ་གར་ནང་གི་ཚོང་སྡེ་རྙིང་ཤོས་དང་ཆེས་མཐོང་ཆེ་ཤོས་དེའི་འགོ་ཁྲིད་སྤུས་དག་གནང་ཡོད་ཅེས་བསྔགས་བརྗོད་གནང་བ་དང་ཆབས་ཅིག ཁོང་ནི་འཆར་སྣང་ལྡན་པའི་ཚོང་ལས་ཀྱི་འགོ་ཁྲིད་ཞིག་དང་བྱམས་སྙིང་རྗེ་ཅན་གྱི་་སྐྱེས་བུ་ཞིག་དང་ཕུལ་བྱུང་གི་མི་སྣ་ཞིག་རེད་ཅེས་ཐུགས་གསོ་དང་བཅས་ཨེཛེ་དྲ་རྒྱའི་ཐོག་བཀོད་གནང་འདུག

ཡང་རྒྱ་གར་གྱི་ཚོང་སྡེ་ཆེན་པོ་མ་ཧན་ཌ་ར་ཚོང་སྡེ་དང་རྒྱ་གར་ནང་སྐྱེས་སྲིང་བྱུང་བ་གུ་གྷལ་ཁེ་ལས་ཚོང་སྡེའི་སྤྱི་ཁྱབ་འགན་འཛིན་སུན་ཌར་ པི་ཆའེ་དང་རྒྱ་གར་གྱི་ཕྱུག་བདག་མུ་ཀེཤེ། ཨམ་བྷ་ནི་དང་གློག་བརྙན་འཁྲབ་སྟོན་པ་སལ་མ་ཁན་སོགས་དང་ཁོང་གི་ཕན་བཏགས་པའི་ཀྲ་ཀྲ་ཚོང་སྡེའི་ལས་བྱེད་དང་མི་མང་དཀྱུས་མ་བཅས་སྟོང་ཚོ་མང་པོས་མྱ་ངན་གུས་འདུད་ཞུས་འདུག དེ་དང་ཕྱོགས་མཚུངས་ཁོང་དེ་སྔ་སློབ་སྦྱོང་གནང་ཡུལ་ཨ་རིའི་ཀོ་ནལ་གཙུག་ལག་སློབ་གྲྭ་ཆེན་མོས་ཁོང་འདས་གྲོངས་སོང་བར་མྱ་ངན་རྗེས་དྲན་ཞུས་པ་མ་ཟད། ཁོང་ནི་གཙུག་ལག་སློབ་གྲྭ་ཆེན་མོ་དེའི་རྒྱལ་སྤྱིའི་སྦྱིན་བདག་ཆེན་མོ་ཡང་ཡིན་ཞེས་གསལ་འདོན་བྱས་འདུག ཚོང་དཔོན་ཆེན་མོ་རཱ་ཏན་ ན་ཝལ་ཀྲ་ཀྲ་དམ་པ་དེའི་ཕུང་མཆོད་རེས་གཟའ་ཕུར་བུའི་ཕྱི་དྲོར་བྱས་འདུག སྐུ་ཞབས་རཱ་ཏན་ཀྲ་ཀྲ་དམ་པ་ཁོང་ནི་རྒྱ་གར་ནང་ཚོང་དཔོན་མིག་དཔེ་བཟང་པོ་ཞིག་ཏུ་གྱུར་ཡོད་ཅིང། ཁོང་གིས་༡༩༩༡ ལོར་ཀྲ་ཀྲ་ཁྱིམ་ཚང་གི་ཚོང་སྡེའི་འགོ་ཁྲིད་འགན་འཁུར་རྩིས་བཞེས་ཡོད་ཅིང་། ལོ་དེ་ནི་རྒྱ་གར་ནང་རང་དབང་ཁྲོམ་རར་བཅོས་བསྒྱུར་ཤུགས་ཆེ་ཤིག་བཏང་བ་དང་དུས་མཚུངས་བྱུང་བ་དང་ཆབས་ཅིག ཁོང་གིས་སྐུ་ལས་འཛེམས་མེད་གནང་ནས་རྒྱ་གར་ནང་སྐད་གྲགས་ཡོད་པའི་འཕྲུལ་རིག་གི་མཉེན་ཆས་ནས་ཆེས་དེང་རབས་ཅན་གྱི་འཕྲུལ་ཆས་རིན་གོང་མཐོ་བའི་རླང་འཁོར་སོགས་ཀྱི་ཚོང་ལས་གཉེར་ཏེ་ལོ་ཉི་ཤུ་ལྷག་ཙམ་གྱི་རིང་ཀྲ་ཀྲ་ཚོང་ལས་ཀྱི་འགོ་ཁྲིད་གནང་ཡོད་པ་རེད། ཚོང་སྡེ་དེ་ནི་ཐོག་མར་ཕྱི་ལོ་༡༩༩༡ཙམ་ལ་ཚོང་ཆུང་ཚགས་ཀྱི་སྡེ་ཚན་ཞིག་ནས་འདས་པའི་ཕྱི་ལོ་༢༠༢༣-༢༤རྩིས་ལོའི་ཡོང་བབ་ནི་ཨ་སྒོར་ཐེར་འབུམ་༡༦༥ལ་འཕར་ཡོད་པ་རེད། ཡང་སྐུ་ཞབས་ར་ཏན་ཀྲ་ཀྲ་དམ་པ་ཁོང་ནི་གྲགས་ཆེ་བའི་ཚོང་བདག་ཞིག་ཡིན་པ་མ་ཟད། ཁོང་ནི་མི་བཟང་པོ་གཅིག་དང་ཕན་སེམས་ཅན་ཞིག་ཡིན་ཅིང་། དེ་ཡང་ཁོང་གིས་ཚོང་སྡེའི་ལས་བྱེད་ཀྱི་དཀའ་ངལ་སེལ་ཐབས་གནང་པ་ཙམ་དུ་མ་ཟད། རྒྱ་ཆེ་བའི་སྤྱི་ཚོགས་ནང་མི་མང་ཉམ་ཐག་མང་པོར་སྦྱིན་པ་རྒྱ་ཆེ་བཏང་པ་སོགས་ཧ་ཅང་རླབས་ཆེའི་མཛད་རྗེས་ཡོད་པའི་ཚོང་དཔོན་ཤིག་ཡིན་པ་རེད།

གསར་འགོད་པ། པདྨ་བདེ་ཆེན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།