རྒྱ་གར་གྱིས་མོན་ཡུལ་དུ་ཆུ་ཤུཊ་གློག་ཁང་༡༢་འཛུགས་སྐྲུན་བྱ་རྒྱུའི་ཐག་བཅད།

སྲིད་བློན་མོ་དྷིའི་གཞུང་གི་ནོར་སྲིད་ལྷན་ཁང་གི་བློན་ཆེན་ནིར་མ་ལ་སི་ཐ་ར་མན་

༄༅།། རྒྱ་གར་དབུས་གཞུང་གིས་ཨ་སྒོར་དུང་ཕྱུར་༡༡་འགྲོ་གྲོན་བཏང་ནས་ཨ་རུ་ན་ཅལ་མངའ་སྡེའམ། མོན་ཡུལ་དུ་ཆུ་ཤུགས་གློག་ཁང་༡༢་འཛུགས་སྐྲུན་གྱི་ལས་གཞི་འཕྲལ་དུ་འགོ་འཛུགས་བྱ་དགོས་པའི་ཐག་བཅད། ཕྱི་ཟླ་༧་པའི་ཚེས་༩་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་དབུས་གཞུང་དང་ཨ་རུ་ན་ཅལ་མངའ་སྡེ་གཞུང་གིས་མོན་ཡུལ་དུ་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་བྱས་ན་རྒྱ་ནག་གིས་ངོ་རྒོལ་བྱ་རྒྱུ་ཡིན་པ་སྔོན་ནས་ཚོད་དཔག་ཐུབ་ཡོད་ཅིང་། སྲིད་བློན་མོ་དྷིའི་གཞུང་གི་ནོར་སྲིད་ལྷན་ཁང་གི་བློན་ཆེན་ནིར་མ་ལ་སི་ཐ་ར་མན་གྱིས་ལོ་འདིའི་དངུལ་རྩིས་ཁོངས་སུ་ཆུ་ཤུགས་གློག་ཁང་རེར་ཨ་སྒོར་ས་ཡ་༨༩.༨༥་རེ་འགྲོ་གྲོན་གཏོང་རྒྱུའི་དངུལ་སྒོར་ཟུར་བཅད་བྱས་ནས་རྒྱལ་ཡོངས་གྲོས་ཚོགས་ལ་འབུལ་རྒྱུའི་གསལ་འགྱུར་ཐོན་འདུག

རྒྱ་གར་གྱི་གཞུང་འབྲེལ་མི་སྣ་མིང་འདོན་མ་བྱས་པ་ཞིག་གིས་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་ལ་ཨ་རུ་ན་ཅལ་མངའ་སྡེའི་ནང་དུ་ཆུ་ཤུགས་གློག་ཁང་༡༢་འཛུགས་སྐྲུན་བྱ་འཆར་ཡོད་པ་དེར་ཁྱོན་བསྡོམས་ཧིན་སྒོར་དུང་ཕྱུར་༩༠༠་འགྲོ་གྲོན་གཏོང་དགོས་ས་རེད་ཅེས་ནང་མོལ་བྱས་འདུག མོན་ཡུལ་དུ་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་གྱི་འགྲོ་གྲོན་ཆ་ཚང་རྒྱ་གར་དབུས་གཞུང་གིས་གཏོང་གི་ཡོད་པ་དང་ཨ་རུ་ན་ཅལ་མངའ་སྡེ་གཞུང་ལས་གཞི་དེར་འཐད་པ་བྱུང་། ཆུ་ཤུགས་གློག་ཁང་དེ་དག་གིས་རྒྱ་གར་བྱང་ཤར་གྱི་མངའ་སྡེ་ཁག་གཙོས་ས་གནས་ཁག་ལ་གློག་འདང་ངེས་མེད་པའི་དཀའ་ངལ་སེལ་ཐུབ། དེ་བཞིན་ཨ་རུ་ནལ་མངའ་སྡེའི་གཞུང་ལ་གློག་ཕྱིར་ཚོང་བྱས་པའི་དཔལ་འབྱོར་ཡོང་འབབ་མང་དུ་འགྲོ་ཐུབ་ཅེས་དགེ་མཚན་གླེང་།།

ཕྱི་ཟླ་༧་པའི་ཚེས་༢༣་ཉིན་སྲིད་བློན་མོ་དྷིའི་གཞུང་གིས་༢༠༢༤་ནས་༢༠༢༥་བར་གྱི་གཞུང་གི་འགྲོ་གྲོན་དངུལ་རྩིས་ཕྱིར་བསྒྲགས་བྱེད་ཀྱི་ཡོད་པར་མ་ཟད། ན་ནིང་ཕྱི་ཟླ་༨་པའི་ནང་རྒྱ་གར་གཞུང་གིས་གཞུང་གཉེར་བཟོ་ཚོང་ལས་ཁུངས་གསུམ་ལ་ཨ་རུ་ན་ཅལ་མངའ་སྡེའི་ནང་དུ་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་བྱེད་དུ་འཇུག་རྒྱུའི་གན་རྒྱ་བཞག རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་རྒྱ་གར་གྱི་ནོར་སྲིད་དང་གློག་ཤུགས་ལྷན་ཁང་། གཞུང་གཉེར་བཟོ་ཚོང་ལས་ཁུངས་དེ་དག་ལ་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་གྱི་ཞིབ་ཕྲའི་གནས་ཚུལ་འདྲི་རྩད་བྱས་ཀྱང་དེ་དག་གི་གཅིག་གིས་ཀྱང་ལན་འདེབས་མ་བྱུང་ཞིང་། འདས་པའི་ལོ་༢༠་རིང་རྒྱ་གར་གྱིས་གློག་ཤུགས་མེ་གྷ་ཝ་ཊི་དུང་ཕྱུར་༡༠་མཁོ་འདོན་བྱེད་ཐུབ་པའི་ཆུ་ཤུགས་གློག་ཁང་༡༥་མ་གཏོགས་འཛུགས་སྐྲུན་མ་ཐུབ། རྡོ་སོལ་གྱི་གློག་ཁང་དང་ཉི་གློག རླུང་གློག་སོགས་ཀྱི་གློག་ཁང་འཛུགས་སྐྲུན་བྱ་རྒྱུ་ལྡབ་བཅུ་མང་དུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག

༡༩༦༢་ལོར་རྒྱ་དཀར་ནག་གཉིས་ཀྱིས་མོན་ཡུལ་དང་ཧི་མ་ལ་ཡའི་ལྗོངས་ཀྱི་ཧིན་བོད་ས་མཚམས་ཁག་ཏུ་དམག་འཁྲུག་བརྒྱབ། རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེ་ནི་རྒྱ་གར་གྱི་ཆ་ཤས་ཁ་འབྲལ་ཐབས་མེད་པ་ཞིག་ཡིན་ཞེས་རྩོད་པ་འཕངས། རྒྱ་ནག་གིས་མོན་ཡུལ་ནི་བོད་ཀྱི་ས་ཆ་རེད། ས་གནས་དེར་ཙང་ནན་ཟེར་གྱི་ཡོད་ཅེས་རྒྱ་མིང་བཏགས། ཙང་ནན་ཐད་སྒྱུར་བྱས་ན་ལྷོ་བོད་ཟེར་བའི་དོན་དུ་གོ་ཞིང་། པེ་ཅིང་གི་དབང་འཛིན་པ་ཚོས་ཙང་ནན་རྒྱ་ནག་གི་མངའ་ཁོངས་སུ་གཏོགས། རྒྱ་གར་གྱིས་ཙང་ནན་ས་ཁུལ་དུ་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་བྱེད་མི་ཆོག་ཅེས་གསར་འགོད་གསལ་བསྒྲགས་སྤེལ། རྒྱ་ནག་གིས་ཡར་ཀླུང་གཙང་པོ་བཀག་ནས་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་དང་ཡར་ཀླུང་གཙང་པོར་རྒྱ་གར་བ་ཚོས་བྲཱ་མ་པུ་ཏ་ར་ཞེས་འབོད། ཡར་ཀླུང་གཙང་པོ་བོད་ནས་མོན་ཡུལ་དང་རྒྱ་གར་བྱང་ཤར། བངྒ་ལ་བརྒྱུད་དེ་མཐའ་མཇུག་རྒྱ་མཚོའི་ནང་དུ་འབབ། ཡར་ཀླུང་གཙང་པོ་རྒྱ་གར་དང་བངྒ་ལའི་མི་དམངས་ས་ཡ་མང་པོའི་འཐུང་ཆུ་དང་ཞིང་ཆུ་འདྲེན་གཏོང་གི་འབྱུང་ཁུངས་སུ་གྱུར།།

རྒྱ་དཀར་ནག་གི་ཕྱི་སྲིད་བློན་ཆེན་

རྒྱ་གར་གཞུང་ནས་རྒྱ་ནག་གིས་བོད་མཐོ་སྒང་དུ་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་བྱས་ནས་ཡར་ཀླུང་གཙང་པོ་བཀག་ཚེ། ཆར་ཞོད་ཀྱི་དུས་སུ་རྒྱ་ནག་གིས་ཆུ་སྒོ་ཕྱེ་ནས་རྒྱ་གར་དང་བངྒ་ལ་སོགས་ལ་ཆུ་ལོག་རྒྱུག ཐན་པའི་དུས་སུ་རྒྱ་ནག་གིས་ཆུ་སྒོ་བཀག་སྟེ་རྒྱ་གར་དང་བངྒ་ལ་སོགས་ལ་ཆུ་དཀོན་འབྱུང་རྒྱུ་རེད་ཅེས་སྐྲག ༢༠༢༠་ལོར་ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གི་དམག་དཔུང་ཁག་ཅིག་ལག་འཛིང་ཐུག་ནས་བཟུང་། པེ་ཅིང་དང་ལྡི་ལི་གསར་པས་ཧིན་བོད་ས་མཚམས་ཁག་ཏུ་དམག་དཔུང་མང་དུ་བཏང་སྟེ་རྒྱ་ལམ་དང་ཟམ་པ། གནམ་ཐང་དང་མེ་འཁོར་ལྕགས་ལམ། དམག་སྒར་འཛུགས་སྐྲུན་གྱི་འགྲན་སྡུར་ཚུགས། གཟའ་འཁོར་སྔོན་མར་རྒྱ་དཀར་ནག་གི་ཕྱི་སྲིད་བློན་ཆེན་གཉིས་ཁ་ཛག་གི་སི་ཐན་ཏུ་ཐུག་འཕྲད་བྱས་ནས་ས་མཚམས་ཀྱི་རྩོད་གཞི་ཁག་མྱུར་དུ་ཐག་གཅོད་བྱ་དགོས་པའི་གྲོས་མོལ་བྱུང་། ཡིན་ནའང་ཉེ་བའི་ལོ་ཤས་རིང་རྒྱ་དཀར་ནག་གཉིས་ཀས་ས་མཚམས་གྲོས་མོལ་ཐེངས་༢༠་ལྷག་བྱས་ཀྱང་གྲུབ་འབྲས་མ་ཐོན།།

ཕྱི་ཟླ་༧་པའི་ཚེས་༡༠་ཉིན་རྒྱ་གར་གྱི་ཁྲིམས་ལུགས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མོན་ཡུལ་གྱི་ས་གནས་འགོ་ཁྲིད་ཚོས་རྒྱ་གར་དབུས་གཞུང་གི་གློག་ཤུགས་དང་ཁང་ཁྱིམ་འཛུགས་སྐྲུན་ལྷན་ཁང་གི་བློན་ཆེན་མོ་ན་ཧར་ལལ་གཟིགས་ཞིབ་ཏུ་མ་བསླེབས་སྔོན་དུ་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་ལ་ངོ་རྒོལ་བྱེད་མཁན་ལས་འགུལ་བ་ཁག་ཅིག་བཀག་ཉར་བྱས་ཤིང་། རྒྱ་གར་དབུས་གཞུང་གི་བློན་ཆེན་དེ་ཨ་ནུ་ཅལ་མངའ་སྡེའི་རྒྱལ་ས་ཨི་ཊ་ན་གྷར་གྲོང་ཁྱེར་དུ་ཕེབས་པའི་སྐབས་སུ་ཁྲིམས་རྩོད་ལས་འགུལ་བ་ཨེ་བྷོ་མི་ལི (Ebo Mili)་དང་ལྗང་གི་ཞིང་པ་དུན་གེ་ཨ་པང་(Dunge Apang)་གཉིས་ཆུ་ཚོད་༡༠་ལྷག་ལ་བཀག་ཉར་བྱས་ནས་མི་རེར་ཧིན་སྒོར་ཁྲི་ཚོ་༥་རེའི་ཆད་པ་གཅོད་སྲིད། རྒྱ་གར་གྱི་ཉེན་རྟོག་པས་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་གྱི་ལས་གཞི་དེར་ངོ་རྒོལ་བྱེད་མཁན་ཚོས་དབུས་གཞུང་གི་བློན་ཆེན་དང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སོགས་ཀྱི་ཚོགས་འདུ་དེར་གཏོར་བརླག་བྱ་རྒྱུའི་ཉེན་ཁ་ཡོད་པ་སྔོན་དཔག་ཐུབ་ནས་མི་དག་བཀག་ཉར་བྱས་པ་ཡིན་ཞེས་བཀྲལ།།

ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱིས་དབུས་གཞུང་གི་གློག་ཤུགས་ལྷན་ཁང་གི་བློན་ཆེན་ལ་གྲོས་མོལ་བྱས་ནས་གྲུབ་འབྲས་ཆེན་པོ་ཐོན་སོང་། ཆུ་ཤུགས་གློག་ཁང་འཛུགས་སྐྲུན་བྱས་ནས་ཨ་རུ་ན་ཅལ་མངའ་སྡེར་གློག་འདང་གི་མེད་པའི་དཀའ་ངལ་སེལ་ཐུབ། གློག་སྡོང་གསར་འཛུགས་བྱ་རྒྱུའི་གྲོས་སྡུར་བྱས་པ་ཡིན་ཞེས་བསྒྲགས། མོན་པ་ཁག་ཅིག་གིས་གློག་ཁང་འཛུགས་སྐྲུན་གྱི་ལས་གཞིར་ངོ་རྒོལ་བྱེད་མཁན་ཚོ་བཀག་ཉར་བྱས་པ་ནི་རྒྱ་གར་གྱི་རྩ་ཁྲིམས་སུ་སྤྱི་དམངས་ལ་ངོ་རྒོལ་བྱེད་ཆོག་པ་དང་སྨྲ་བརྗོད་རང་དབང་། འདུ་འཛོམ་རང་དབང་གི་ཐོབ་ཐང་ཡོད་ཅེས་འཁོད་པའི་འབྲུ་དོན་ཁག་ལ་རྡོག་བརྫིས་བཏང་བ་རེད། མོན་ཡུལ་དུ་གློག་དགོས་ངེས་ཡིན་རུང་གློག་ཁང་འཛུགས་སྐྲུན་ཐད་ས་གནས་མི་དམངས་ལ་སྐད་ཆ་མ་དྲིས་པར་སྣང་ཆུང་བཏང་བ་རེད་ཅེས་སྐྱོན་བཙུགས།།

ཕྱི་ཟླ་༧་པའི་ཚེས་༩་ཉིན་ཧིན་རྡུ་སི་ཐན་དུས་བབ་ཚོགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། མོན་ཡུལ་གྱི་ལས་འགུལ་བ་ཚོས་ཆུ་མཛོད་ཆེན་པོ་༡༢་འཛུགས་སྐྲུན་བྱས་ན་ཁོར་ཡུག་ལ་གནོད་སྐྱོན་འཕོག་གི་རེད། རྒྱ་གར་དབུས་གཞུང་གིས་བསྐྱར་དུ་ལས་གཞི་དེར་བསམ་ཞིབ་བྱ་དགོས་ཞེས་སྙན་ཞུ་ཕུལ། ལྗང་གི་ཞིང་པའི་མཐུན་ཚོགས་དང་སྡེ་རང་འཐབ་རྒོལ་ཚོགས་པ། བྱང་ཤར་འགྲོ་བ་མིའི་ཐོབ་ཐང་ཚོགས་སོགས་ཀྱིས་ལྗང་སྟོད་དུ་ཆུ་ཤུགས་གློག་ཁང་བཅུ་གྲངས་ཤིག་འཛུགས་སྐྲུན་བྱེད་ཀྱི་ཡོད་པར་བློ་འཚབ་ཡོད་ཅེས་ངོ་རྒོལ་ལས་འགུལ་སྤེལ། ལྗང་གི་ཞིང་པའི་མཐུན་ཚོགས་ཀྱིས་ང་ཚོས་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་ལ་ངོ་རྒོལ་བྱེད་ཀྱི་ཡོད་པར་རྒྱུ་མཚན་འགའ་ཞིག་ཡོད། ཆུ་མཛོད་འཛུགས་སྐྲུན་བྱས་ནད་ཁོར་ཡུག་ལ་གཏོར་བཤིག་ཐེབས་རྒྱུ་དང་ཞིང་པའི་ས་ཞིང་ཤོར། རགས་ཁ་ཤོར་ནས་ཆུ་ལོག་གི་ཉེན་ཁ་འབྱུང་སྲིད་ཅེས་སྐད་འབོད་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག