ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་གོ་སྒྲིག་འོག་བོད་ཀྱི་དངུལ་གྱི་བྱུང་རིམ་དང་། སྤྱོད་སྒོ། སྒྱུ་རྩལ་གྱི་མཚོན་དོན། ལོ་རྒྱུས་ཀྱི་བདེན་དཔང་སོགས་མཚོན་པའི་བོད་དངུལ་གྱི་དུས་ཐུང་འགྲེམས་སྟོན་ཞིག་ཚུགས་ཡོད་པར། དེ་རིང་ཕྱི་ཟླ་ ༡ ཚེས་ ༦ ཉིན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་འགྲེམས་སྟོན་ཁང་དེ་དབུ་འབྱེད་གནང་སོང་ལ། བོད་དངུལ་དུས་ཐུང་འགྲེམས་སྟོན་གྱི་དགོས་དམིགས་དང་། དེའི་ལས་དོན་གྱི་བརྒྱུད་རིམ་སོགས་ཀྱི་སྐོར་ལ་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས། དུས་ཐུང་འགྲེམས་སྟོན་འདི་བཞིན་གཙོ་བོ་རང་རེའི་མི་རབས་རྒན་པ་དག་གི་མཛད་རྗེས་ལ་རྗེས་དྲན་ཆེད་དུ་ཡིན་པ་དང་། དེ་ཡང་བོད་ཀྱི་དངོས་ཡོད་ཀྱི་ལོ་རྒྱུས་ལ་དེ་སྔར་བོད་ས་མ་ཤོར་གོང་གི་བོད་པ་རང་གིས་གསར་དུ་བཟོས་ཤིང་། བོད་པ་རང་ལ་བདག་དབང་ཡོད་པའི་དངུལ་ཊམ་གྱིས་ལོ་རྒྱུས་ཀྱི་བདེན་དཔང་བྱེད་ཐུབ་ཀྱི་ཡོད་པས། ད་རེས་ཀྱི་དུས་ཐུང་འགྲེམས་སྟོན་བྱེད་དགོས་པའི་གནད་འགག་ཀྱང་དེ་ལྟར་ཡིན་པ་གསུངས་གནང་སོང་།
དེ་བཞིན་བོད་དངུལ་གྱི་རྒྱུ་ཆའི་ཐད་ནས་གསེར་དངུལ་ཟངས་སོགས་ལས་གྲུབ་པ་དང་། སྒྱུ་རྩལ་ཐད་ནས་བཀྲ་ཤིས་རྟགས་བརྒྱད་ལ་སོགས་པའི་བོད་པའི་རིགས་གཞུང་གི་མཚོན་དོན་ཡོད་པ། མ་ཟད་དངུལ་ཊམ་གྱི་བདག་དབང་མཚོན་དོན་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་ཊམ་ཀ་དང་ཤོག་དངུལ་ཚང་མར་འཁོད་ཡོད་པ་དུས་ཐུང་འགྲེམས་སྟོན་ཐོག་ལ་ཕྱག་རོགས་དང་སློབ་སྟོན་གནང་མཁན་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་འབུམ་རམས་པ་གཙང་ཕྲུག་སྟོབས་ལགས་ཀྱིས་འགྲེལ་བརྗོད་གནང་སོང་ལ། མ་ཟད་བོད་དུ་དངུལ་ཊམ་གྱི་བྱུང་རིམ་དང་དེ་དག་གི་སྤྱོད་སྒོ་སོགས་ཀྱི་གནས་བབ་ཀྱི་ཐོག་ནས་བོད་འདི་ཡང་རྒྱ་ཁབ་གཞན་དང་འདྲ་མཚུངས་ཀྱིས་བོད་པ་རང་གི་དཔལ་འབྱོར་གྱི་འཁོར་རྒྱུག་དང་སྟངས་འཛིན་བོད་པ་རང་གིས་བྱེད་ཀྱི་ཡོད་པ། དེ་བཞིན་བོད་དངུལ་འདིས་བོད་རྒྱལ་ཁབ་འདི་བཞིན་རྒྱལ་ཁོངས་གང་གིས་འོག་ཏུའང་མི་གནས་པར་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་ར་སྤྲོད་བྱེད་ཐུབ་ཀྱི་ཡོད་པ་ཡང་འབུམ་རམས་པ་གཙང་ཕྲུག་སྟོབས་ལགས་ཀྱིས་འགྲེལ་བརྗོད་གནང་སོང་།
གཞི་རྩའི་བོད་ཀྱི་ལོ་རྒྱུས་ནང་ཐོག་མར་དངོས་པོ་བརྗེ་རེས་ཀྱི་ལམ་ནས་དངུལ་གྱི་ནུས་པ་ཐོན་ཡོད་ཅིང་། དེ་ནས་མི་ལོ་བཞི་སྟོང་གི་ཡར་སྔོན་ནས་དངུལ་ཊམ་གྱི་དོད་དུ་བེད་སྤྱོད་བཏང་བའི་དངོས་པོ་ཐོག་མ་ནི་འགྲོན་བུ་ཡིན་པ་དང་། དེ་ནས་དུས་རབས་བདུན་པ་ཙམ་ནས་གསེར་ཤོག་དངུལ་ལམ་ཊམ་ཀའི་དོད་དུ་ཡོངས་ཁྱབ་ཏུ་བེད་སྤྱོད་བཏང་།
དེ་བཞིན་དུས་རབས་བཅུ་དྲུག་གི་གཡས་གཡོན་དུ་བལ་པོའི་དངུལ་ཊམ་བེད་སྤྱོད་བཏང་ཡང་། དེ་རྗེས་གོར་བོད་དམག་འཁྲུག་སྐབས་བལ་པོའི་དངུལ་ཊམ་ལ་ལྷད་རྫུན་བཟོས་པས། ཕྱི་ལོ་ ༡༧༩༡ ལོར་རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་སྐུ་དུས་སུ་བོད་ཁུལ་དུ་བལ་ཊམ་བེད་སྤྱོད་གཏོང་རྒྱུ་མཚམས་འཇོག་བྱས་ཏེ། དེ་རྗེས་བོད་པ་རང་གིས་ཐུན་མོང་མ་ཡིན་པའི་བོད་ཀྱི་དངུལ་གྱི་ལམ་ལུགས་གཏན་འབེབས་བྱས་ཏེ་ཐོར་མར་ཀོང་པར་ཊམ་ཀ་གསར་བཟོ་གནང་།
ཕྱི་ལོ་ ༡༨༤༠ ལོར་དགའ་ལྡན་ཕོ་བྲང་ཊམ་ཀ་བཟོས། ཕྱི་ལོ་ ༡༩༠༩ ལོར་དགའ་ལྡན་ཕོ་བྲང་གི་དངུལ་གྱི་ལྕི་ཚད་དང་རིན་ཚད་ཡང་དག་པར་གཏན་ལ་ཕབ་ནས་དངུལ་ཊམ་བཟོས་པ་དེར་སྐལ་བཟང་ཊམ་ཀ་ཞེས་པ་བྱུང་།
ཕྱི་ལོ་ ༡༩༢༡ ལོར་དགའ་ལྡན་ཕོ་བྲང་གིས་ཤོག་བུའི་དངུལ་ལོར་དཔར་འགོ་བརྩམས་ཏེ་ཤོག་དངུལ་བོད་སྤྱོད་བྱེད་འགོ་བཙུགས་པ་དེས་བོད་ནང་གི་དཔལ་འབྱོར་གྱི་གནས་བབ་ལ་འགྱུར་བ་ཇེ་ཆེར་ཕྱིན།
ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གིས་བོད་ལ་དྲག་པོའི་དབང་བསྒྱུར་བྱས་རྗེས་རྒྱ་དངུལ་འགྲེམས་སྤེལ་བྱས་ཡོད་ཀྱང་། བོད་ཀྱི་ལུང་ཁུག་མང་པོར་རྒྱའི་དབང་བསྒྱུར་རྗེས་སུའང་བོད་དངུལ་བེད་སྤྱོད་བཏང་ཡོད་པ་རེད་འདུག།
Your browser doesn’t support HTML5