ཨ་རིའི་ནང་སྲིད་འཛིན་འོས་བསྡུ་ཟིན་ནས་ཉིན་གྲངས་ ༧༦ སོང་རྗེས་སྲིད་འཛིན་གསར་པས་དམ་འབུལ་བྱས་ཏེ་སྲིད་དབང་འགོ་འཛུགས་བྱེད་ཀྱི་ཡོད་པ་དང་། དེའི་གོང་སྲིད་འཛིན་གསར་པའི་བློན་ཆེན་ལྷན་ཚོགས་དང་དེ་མིན་གནད་ཡོད་ལས་བྱེད་བསྐོ་འདེམས་སོགས་སྲིད་འཛིན་འཕོ་ལེན་གྱི་སྔོན་འགྲོའི་ལས་དོན་འགོ་འཛུགས་བྱེད་དགོས་པ།
དབྱིན་ཇིའི་ལུང་པར་ད་ལོ་དབྱར་ཁ་ཀེར་ སི་ཏར་མེར་གྱི་འགོ་ཁྲིད་པའི་ལས་རྩོལ་ཚོགས་པར་གྲོས་ཚོགས་ནང་མང་མོས་ཐོབ་ནས་ཉིན་རྗེས་མ་དེར་ཁོང་སྲིད་བློན་ལ་འོས་འདེམས་བྱུང་ནས་སྲིད་གཞུང་གསར་པའི་ལས་འཁུར་འགོ་འཛུགས་བྱས་ཡོད་པ་རེད།
འོན་ཀྱང་ཨ་རིའི་ནང་སྲིད་འཛིན་ཟུར་པ་ཌོ་ནལྜ་ ཊམ་ཕྱི་ཟླ་ ༡༡ ཚེས་ ༥ ཉིན་སྲིད་འཛིན་ལ་བདམས་ཐོན་བྱུང་ཡོད་ནའང་། ཉིན་གྲངས་ ༧༦ རྗེས་མ་གཏོགས་སྲིད་འཛིན་གྱི་ལས་འཁུར་འགོ་འཛུགས་བྱེད་ཀྱི་མེད།
དབྱིན་ཡུལ་སོགས་གྲོས་ཚོགས་ལམ་ལུགས་ཀྱི་མང་གཙོའི་རྒྱལ་ཁབ་ནང་གྲོས་ཚོགས་ནང་འཐུས་མི་གྲངས་མང་མ་ཐོབ་པའི་སྲིད་དོན་ཚོགས་པ་དེ་ཕྱོགས་འགལ་ཚོགས་པ་ཆགས་ཏེ། གྲོབ་འོག་སྲིད་གཞུང་ཞེས་པ་བྱས་ཏེ། གལ་ཏེ་གྲོས་ཚོགས་ནང་རྒྱལ་ཁ་ཐོབ་ན་སྲིད་གཞུང་བཟུང་རྒྱུའི་གྲ་སྒྲིག་ཡོད་པ་རེད།
ཨ་རིའི་ནང་ལམ་ལུགས་དེ་མེད་ཅིང་། བདམས་ཐོན་སྲིད་འཛིན་གྱིས་ཨ་རིའི་སྔོན་རྩིས་ཌོ་ལར་ཁྲག་ཁྲིག་བདུན་ལ་ཉེ་བའི་ལས་འཆར་དང་གཞུང་གི་ལས་བྱེད་དང་དམག་མི་སོགས་མི་གྲངས་ས་ཡ་གསུམ་དང་འབུལ་ལྔ་ཙམ་ཡོད་པ་དེ་དག་གི་ལས་དོན་ལ་ལྟ་རྟོགས་བྱ་རྒྱུ་སོགས་རྨང་གཞི་གང་ཡང་མེད་པར་ལས་དོན་འགོ་འཛུགས་བྱེད་དགོས་ཀྱི་ཡོད། དེའི་ཁོངས་སུ་བློན་ཆེན་དང་གཞུང་གི་མཐོ་རིམ་གོ་གནས་ཀྱི་མི་འགྲོ་འདེམས་སྒྲུག་བྱ་རྒྱུ་སོགས་བྱེད་དགོས་ཀྱི་ཡོད།
སྲིད་འཛིན་འཕོ་ལེན་ཞིབ་འཇུག་ཁང་གི་ཚོགས་གཙོ་ཝེ་ལ་རི་ སི་མིཐ་ བྷོཡིཌ་ཀྱིས་ སྲིད་གཞུང་འཕོ་ལེན་གྲ་སྒྲིག་གི་ལས་དོན་ནི་ཧ་ཅང་གཞི་རྒྱ་ཆེ་བའི་ལས་དོན་གཅིག་རེད་ཅེས་གསུངས་འདུག
ཕྱི་ཟླ་ ༡༡ ནང་སྲིད་འཛིན་འོས་བསྡུ་བྱས་ནས་ཕྱི་ཟླ་དང་པོའི་ནང་སྲིད་འཛིན་གྱི་ལས་འཁུར་དམ་འབུལ་མ་བྱས་བར་གྱི་བདུན་ཕྲག་བཅུ་གཅིག་ཙམ་གྱི་དུས་ཡུན་དེ་སྲིད་འཛིན་འཕོ་ལེན་གྲ་སྒྲིག་གི་དུས་ཚོད་ཡིན་ཅིང་། དེ་ནི་ཨ་རིའི་མང་གཙོའི་ཁྱད་ཆོས་མེད་དུ་མི་རུང་བ་གཅིག་རེད། དུས་ཡུན་དེ་སྲིད་འཛིན་གསར་རྙིང་གཉིས་འཕོ་ལེན་གྱི་བརྒྱུད་རིམ་ཞི་འཇམ་ལྡན་ལ་རྙོག་གླེང་མེད་པ་ཡོང་ཐབས་ཀྱི་གལ་ཆེའི་དུས་ཚོད་གཅིག་ཡིན་པ་རེད།
སྐུ་ཞབས་མའི་གྷལ་ ཤུར་ཀིན་གྱིས་ ༢༠༠༨ ལོར་སྲིད་འཛིན་ཇོརྗ་བྷུཤ་དང་སྲིད་འཛིན་བྷ་རག་ ཨོ་བྷ་དབར་སྲིད་འཛིན་འཕོ་ལེན་བྱས་སྐབས་དབུས་གསང་བའི་ལས་ཁུངས་ཀྱི་དབྱེ་ཞིབ་པའི་ལས་འགན་གནང་ཡོད་པ་དང་། ཁོང་གིས་དུས་ཚོད་དེ་ནི་ཨ་རིའི་ནང་སྲིད་འཛིན་གསར་པས་ལས་འཁུར་འགོ་འཛུགས་བྱས་པའི་ཉིན་དང་པོར་ལས་དོན་ཡོངས་སུ་འགོ་འཛུགས་བྱེད་ཐུབ་རྒྱུར་གལ་ཆེའི་གྲ་སྒྲིག་ཆེད་བཟོས་པ་གཅིག་རེད་གསུངས་འདུག་པ་དང་།
ལོ་རྒྱུས་སྨྲ་བ་རུ་སལ་ རེ་ལིས་གསུངས་ན་ སྐབས་རེ་སྲིད་འཛིན་འཕོ་ལེན་གྲ་སྒྲིག་གི་དུས་ཚོད་དེ་ཟླ་བ་བཞི་ཙམ་འགོར་བ་དེ་འདྲ་ཡང་བྱུང་ཡོད་ཅིང་། དེ་ཡང་ཨ་རིའི་ལོ་རྒྱུས་ནང་མངོན་གསལ་དེ་ཙམ་མེད་པའི་གཞུང་གི་ལས་དོན་གལ་ཆེ་གཅིག་ཆགས་ཡོད། སྲིད་འཛིན་འཕོ་ལེན་ཞེས་པའི་ཐ་སྙད་དེ་སྔ་ཤོས་ ༡༩༤༨ ལོར་བེད་སྤྱོད་བྱས་འདུག་པ་དང་། ༡༩༦༠ ར་གྲངས་ནང་སྲིད་འཛིན་གསར་པ་དང་དེའི་ལས་བྱེད་ཚོར་ཉིན་དང་པོ་ནས་འཛམ་གླིང་ལ་གདོང་ལེན་བྱེད་རྒྱུར་གྲ་སྒྲིག་མེད་བརྟེན་སྲིད་འཛིན་གྱི་འགན་དབང་ལ་ཉེན་ཁ་མཐོང་བ་ཙམ་མ་ཟད། རྒྱལ་ཁབ་ལའང་ཉེན་ཁའི་གནས་སྟངས་མཐོང་བ་ལ་བརྟེན་ནས་སྲིད་འཛིན་འཕོ་ལེན་གྲ་སྒྲིག་དེ་གནད་འགག་ཆེ་རུ་སོང་བ་རེད་ཅེས་འགྲེལ་བརྗོད་གནང་འདུག
ད་ལྟའི་འཆར་སྲིད་འཛིན་འཕོ་ལེན་གྲ་སྒྲིག་གི་བརྒྱུད་རིམ་དེ་ཁྲིམས་དང་སྒྲིག་གཞི་ལ་བརྟེན་པའི་གོམས་སྲོལ་གྱིས་དབང་བསྐུར་ནས་རྒྱས་སྤྲོས་ཆེ་ལ་འགྲོ་ལུགས་ལ་བསྟུན་ཆེ་བའི་བརྒྱུད་རིམ་གཅིག་ཆགས་ཡོད་པ་དང་།
སྲིད་འཛིན་འཕོ་ལེན་གྲ་སྒྲིག་གི་གནད་དོན་ལ་མཁས་པ་དང་ནོར་ཌེ་ཌམ་ཁྲིམས་ལུགས་རིག་པའི་སློབ་དཔོན་ཌེ་རིག་ མུ་ལར་གྱིས་གསུངས་དོན་ལ་ དེང་སང་སྲིད་འཛིན་འཕོ་ལེན་གྱི་བྱེད་རིམ་དེ་སྲིད་འཛིན་འོས་མི་དང་དབུས་གཞུང་གཉིས་ཀྱི་བྱེད་སྲོལ་དང་སྤྱོད་ཚུལ་ལྟ་བུར་གྱུར་ཡོད་རེད་ཅེས་གསུངས་འདུག
༡༩༦༨ ནས་སྲིད་འཛིན་ལས་ཐོག་གིས་ཉིན་རེའི་གསང་བའི་སྙན་ཐོའི་ཡིག་ཆ་རྣམས་སྲིད་འཛིན་གསར་པར་རྩིས་སྤྲོད་གནང་སྲོལ་དར་ཡོད་པ་དང་། བྱེད་སྲོལ་དེ་ཁྲིམས་ཡིག་དང་སྲིད་འཛིན་འཕོ་ལེན་གྱི་ཁྲིམས་ཡིག་གཏན་འབེབས་བྱས་པ་མེད་ནའང་། སྲིད་འཛིན་འཕོ་ལེན་གྱི་བརྒྱུད་རིམ་དེ་ཞི་འཇམ་ལྡན་པར་རྩིས་སྤྲོད་ཀྱི་བྱེད་རིམ་དང་ལས་དོན་བྱེད་ཕྱོགས་ལོ་ནས་ལོར་དར་འཕེལ་སོང་བ་གཅིག་ཡིན་པ་རེད།
ཨ་རིའི་ནང་སྲིད་འཛིན་འོས་བསྡུ་མ་བྱས་གོང་ཟླ་བ་དྲུག་གི་སྔོན་ཚུད་སྲིད་འཛིན་འཕོ་ལེན་གྱི་འབྲེལ་མཐུད་ཚོགས་ཆུང་གཅིག་འཛུགས་དགོས་ཀྱི་ཡོད་ཅིང་། དེ་ནི་དབུས་གཞུང་གིས་བསྐོ་བཞག་བྱས་པའི་སྲིད་འཛིན་འཕོ་ལེན་འགན་འཛིན་གྱི་གོ་གནས་ཐོག་ལས་ཀ་བྱེད་ཀྱི་ཡོད་ཅིང་། འགན་འཛིན་དེས་ཕྱི་ཟླ་ ༩ ཚེས་ ༡༥ ཙམ་ནས་གཞུང་གི་ལས་བྱེད་མིན་པར་ལས་འཆར་གོ་སྒྲིག་བྱེད་དགོས་ཀྱི་ཡོད།
ཕྱི་ཟླ་ ༡༠ ཚེས་ ༡ གོང་དབུས་གཞུང་གི་ས་ཁང་དོ་དམ་ལས་ཁུངས་ཀྱིས་སྲིད་འཛིན་འཕོ་ལེན་ལས་དོན་ཚོགས་ཆུང་ལ་ལས་ཁུངས་དང་དེ་མིན་མཐུན་རྐྱེན་རྣམས་སྦྱོར་སྤྲོད་བྱས་ཟིན་པ་དགོས་ཀྱི་ཡོད་པ་རེད།
དེ་དག་ཉེ་བའི་འཆར་ཁ་བསྣོན་བྱས་པའི་ཁྲིམས་ཡིན་ནའང་། ཨ་རིའི་ལོ་རྒྱུས་ནང་སྲིད་འཛིན་འཕོ་ལེན་གྱི་བརྒྱུད་རིན་དེ་ཁྲིམས་ལུགས་དང་མཐུན་པ་བྱུང་ཡོད། འོན་ཀྱང་ ༢༠༢༠ ལོར་ཊམ་སླར་ཡང་སྲིད་འཛིན་འོས་བསྡུའི་ནང་ལངས་རྗེས་འོས་བསྡུའི་ནང་གཡོ་ཁྲམ་བྱུང་ལུགས་བཤད་ནས་ཕམ་ཉེས་ངོས་ལེན་བྱས་མེད་པ་དང་།
དང་ཐོག་སྲིད་འཛིན་ཇོའི་བྷའི་ཌན་ལ་གསང་པའི་སྙན་ཐོའི་ཡིག་ཆ་རྣམས་རྩིས་སྤྲོད་བྱས་མེད་པ་མ་ཟད། དབུས་ས་ཁང་དོ་དམ་ལས་ཁུངས་ནས་ཁོང་སྲིད་འཛིན་བདམས་ཐོན་ལ་ངོས་ལེན་བྱས་མེད། དེས་མ་ཟད། ཊམ་གྱིས་བྷའི་ཌན་ལ་ཕོ་བྲང་དཀར་པོར་མགྲོན་འབོད་མ་བྱས་དང་དམ་འབུལ་མཛད་སྒོར་མཉམ་ཞུགས་མ་བྱས་པ་བཅས་ཨ་རིའི་སྲོལ་རྒྱུས་ནང་ཡོད་པའི་སྲིད་འཛིན་འཕོ་ལེན་གྱི་ལམ་སྲོལ་ལ་རྩིས་མེད་བྱས་ཡོད་པ་རེད།
འོན་ཀྱང་རེས་གཟའ་ལྷག་པའི་ཉིན་སྲིད་འཛིན་བྷའི་ཌན་གྱིས་བདམས་ཐོན་སྲིད་འཛིན་ཊམ་ཕོ་བྲང་དཀར་པོར་གདན་ཞུ་མགྲོན་འབོད་བྱས་ཏེ། དེ་སྔའི་ལམ་སྲོལ་དེ་བསྐྱར་གསོ་བྱས་པ་རེད།
སྲིད་འཛིན་འཕོ་ལེན་གྲ་སྒྲིག་གི་དུས་ཡུན་རིང་བདམས་ཐོན་སྲིད་འཛིན་གྱིས་ཁ་ཚ་དགོས་གཏུག་གི་ལས་དོན་ནི་ ཨ་རི་གཞུང་གི་གོ་གནས་བཞི་སྟོང་ཙམ་གྱི་མི་འགྲོ་བསྐང་དགོས་ཀྱི་ཡོད་པ་དང་། དེའི་ཁོངས་ནས་ས་མིག་ ༡༢༠༠ ཙམ་ལ་གྲོས་ཚོགས་གོང་མས་མོས་མཐུན་ངོས་ལེན་ཐོབ་དགོས་ཀྱི་ཡོད། ད་ཡོད་སྲིད་འཛིན་བྷའི་ཌན་གྱིས་བསྐོ་བཞག་བྱས་པའི་ཆབ་སྲིད་ལས་སྣེའི་ཁོངས་ཡོད་པ་ཚང་མས་ལས་གནས་ནས་དགོངས་ཞུ་གནང་དགོས་ཀྱི་ཡོད།
བདམས་ཐོན་སྲིད་འཛིན་ཊམ་གྱིས་མི་སྣ་གང་ཙམ་ཞིག་མིང་འདོན་གནང་ཟིན་ཡོད་པ་དང་། དེའི་ཁོངས་སུ་རྩོད་གཞི་ཅན་གྱི་མི་སྣ་འགའ་ཞིག་ཡོད་པ་དེ་དག་ལ་གྲོས་ཚོགས་གོང་མས་མང་མོས་མཐུན་ངོས་ལེན་ཐོབ་རྒྱུར་དཀའ་ངལ་འཕྲད་ཀྱི་རེད་ཅེས་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།