ལོ་༡༩༢ ལོན་པའི་རུས་སྦལ་ཇཱོ་ན་ཏན་གྱི་སྐྱེས་སྐར།

Jonathan slowly makes the rounds outside the St. Helena governor's mansion earlier this year. (Teeny Lucy)

སྤྱི་ལོ་༢༠༢༤ ལོའི་ལོ་སར་ཚེས་གཅིག་གི་ཉིན་མོར་ཨ་རིའི་རྒྱལ་ས་ཝ་ཤིན་གྲོང་ན་ཡོད་པའི་(Washington Post) ཝ་ཤིན་གྲོང་ཚགས་པར་ཁང་གིས་སཱན་ཧེ་ལེ་ན་ (St. Helena) གླིང་ཕྲན་དུ་ཡོད་པའི་རུས་སྦལ་ཞིག་ད་ལོར་ལོ་༡༩༢ ལ་སླེབས་ཡོད་པའི་གནས་ཚུལ་སྤེལ་འདུག

ད་སྔ་ཤེས་བའི་ས་སྟེང་འདིར་ཡོད་པའི་སེམས་ཅན་ལོ་ན་མཐོ་ཤོས་ནི་རུས་སྦལ་དེ་ཡིན་པར་ཡིད་ཆེས་བྱེད་བཞིན་པ་རེད། རུས་སྦལ་དེའི་ལོ་ཚད་ཏག་ཏག་དེ་ཤེས་མེད་ཀྱང་། ད་ལོ་རུས་སྦལ་དེ་ལོ་ ༡༩༡ ནས་༡༩༢ ལ་སླེབས་ཡོད་པ་ངོས་འཛིན་བྱེད་བཞིན་པ་རེད།

རུས་སྦལ་དེའི་མིང་ལ་ཇཱོ་ན་ཏན་ (Jonathan) ཞེས་འབོད་པ་དང་། རུས་སྦལ་དེ་གཉོར་སྐྱོང་བྱེད་མཁན་སྐུ་ཞབས་ཇཱོ་ཧོལ་ལིན་སི་ (Joe Hollins) ཡིས་བཤད་ན། རུས་སྦལ་ཇཱོ་ན་ཏན་ནི་ད་དུང་ཡང་འཇིག་རྟེན་འདིར་ལོ་མང་རིང་སྡོད་རྒྱུར་སྤྲོ་སེམས་འདུག་ཅེས་བརྗོད་འདུག

རུས་སྦལ་དེའི་ལུས་ཀྱི་ལྗིད་ཚད་ལ་རྒྱ་མ་༤༠༠ ཡོད་ཀྱང་། བདེ་ཐང་ཡིན་པ་མ་ཟད། རྣམ་རིག་གསལ་བོ་ཡོད་པ་རེད། ཁ་སང་སྤྱི་ལོ་ ༢༠༢༤ ལོའི་ཟླ་དང་པོའི་ཚེས་༡ གི་ཉིན་མོར་རུས་སྦལ་ཇཱོ་ན་ཏན་ལོ་༡༩༢ སླེབས་ཡོད་པས་རུས་སྦལ་ཇཱོ་ན་ཏན་གྱི་སྐྱེས་སྐར་ལ་རོལ་ཡོད་པ་རེད། གཉོར་སྐྱོང་བ་སྐུ་ཞབས་ཧོལ་ལིན་སི་ཡིས་བཤད་ན། རུས་སྦལ་ཇཱོ་ན་ཏན་གཅིག་བྱས་ན་ལོ་༡༩༢ ལས་མཐོ་བ་ཡིན་སྲིད་པར་བཤད་འདུག

Jonathan is on the left in this historical photo taken on St. Helena Island, circa 1882 to 1886. (Joe Hollins)

སྤྱི་ལོ་ ༡༨༨༢ ལོ་དང་༡༨༨༦ ལོར་རུས་སྦལ་ཇཱོ་ན་ཏན་གྱིས་གླིང་ཕྲན་དེའི་སྲིད་སྐྱོང་གི་གཞིས་ཀར་རྩྭ་ཟ་བཞིན་པའི་འདྲ་པར་མཐོང་རྒྱུ་ཡོད་པ་རེད། ༡༨༨༢ ལོ་ནི་རུས་སྦལ་དེ་ཐོག་མར་རྒྱ་གར་རྒྱ་མཚོའི་སེ་ཆེལ་ལེ་སི་ (Seychelles) གླིང་ཕྲན་ནས་སཱན་ཧེ་ལེ་ནཱ་གླིང་ཕྲན་དུ་འཁྱེར་ཡོང་བའི་ལོ་དེ་ཆགས་ཡོད་པ་རེད། འདྲ་པར་ལ་བལྟས་ན་སྐབས་དེ་དུས་ནས་རུས་སྦལ་དེ་ནར་སོན་ཡོད་པའི་རུས་སྦལ་ཞིག་ཡིན་པས། སྐབས་དེ་དུས་ཉུང་མཐར་ལོ་༥༠ ཙམ་ཡིན་པ་གཉོར་སྐྱོང་བ་སྐུ་ཞབས་ཧོལ་ལིན་སི་ཡིས་བཤད་འདུག དེ་འདྲ་ཡིན་ན། རུས་སྦལ་དེ་ནི་ཧྥ་རན་སིའི་ལོ་རྒྱུས་སྟེང་གི་མི་སྣ་གྲགས་ཅན་ནཱ་ཕོ་ལེ་འོན་ (Napoleon) ཡོད་པའི་སྐབས་ཙམ་ནས་བཟུང་ཡོད་པར་ཡིད་ཆེས་བྱེད་བཞིན་པ་རེད།

ལོ་ ༦༦ ཡིན་པའི་རུས་སྦལ་གཉོར་སྐྱོང་བ་སྐུ་ཞབས་ཧོལ་ལིན་སི་ཡིས་དབྱིན་ཇིའི་ཁོངས་སུ་གཏོགས་པའི་སཱན་ཧེ་ལེ་ནཱ་གླིང་ཕྲན་དུ་༢༠༠༩ ནས་བཟུང་རུས་སྦལ་ཇཱོ་ན་ཏན་ལ་ལྟ་སྐྱོང་བྱས་ཡོད་པར་མ་ཟད། ད་དུང་རུས་སྦལ་གཞན་གསུམ་ལའང་ལྟ་སྐྱོང་བྱེད་བཞིན་པ་རེད། ན་ནིང་སཱན་ཧེ་ལེ་ནཱ་ཟེར་བའི་གླིང་ཕྲན་གྱི་སྲིད་སྐྱོང་ནཱི་གེལ་ཧྥི་ལིབ་(Nigel Phillips) ཀྱིས་རུས་སྦལ་ཇཱོ་ན་ཏན་དེའི་སྐྱེས་སྐར་དེ། ༡༨༣༢ ལོར་ཟླ་ ༡༢ ཚེས་༤ ཡིན་པར་གཞུང་འབྲེལ་མིན་པའི་སྒོ་ནས་བཤད་ཡོད་ཀྱང་། ལོ་སར་ཚེས་གཅིག་ལ་རུས་སྦལ་ཇཱོ་ན་ཏན་གྱི་སྐྱེས་སྐར་ལ་རོལ་བཞིན་ཡོད་ཅེས་གཉོར་སྐྱོང་བ་སྐུ་ཞབས་ཧོལ་ལིན་སི་ཡིས་བཤད་འདུག

སྐྱེས་སྐར་ཉིན་མོར་རུས་སྦལ་ཇཱོ་ན་ཏན་དལ་བོར་བསྐྱོད་དེ་ཕྱི་ལ་ཐོན་ནས་ལོ་མ་གསུམ་ཅན་གྱི་དབྱིན་སྐད་དུ་ཁི་ལོ་ཝེར་(clover) ཟེར་བའི་རྩྭ་དེ་བཟས་རྗེས། ཉིན་གུང་ངལ་གསོས་འདུག གཉོར་སྐྱོང་བ་སྐུ་ཞབས་ཧོལ་ལིན་སི་ཡིས་བཤད་ན། དེ་རིང་རུས་སྦལ་ཇཱོ་ན་ཏན་དལ་བོར་འགྲོ་བ་དེ་ནི་རུས་སྦལ་འདིའི་རིགས་ཀྱི་འགྲོ་སྟངས་ཡིན་པ་ལས་གསོན་ཤུགས་མེད་པ་མ་རེད། ཁོ་ད་དུང་ཡང་འཇིག་རྟེན་འདིར་སྡོད་རྒྱུར་སྤྲོ་སེམས་དང་ལུས་ལ་སྟོབས་ཤུགས་ཡོད་པ་འགྲེལ་བརྗོད་བྱས་འདུག

རུས་སྦལ་ཇཱོ་ན་ཏན་ལོ་༢༥ གོང་ལ་ཧྥ་རེ་ཌེ་རི་ཁཱ་ (Frederica) ཟེར་བའི་རུས་སྦལ་ཞིག་དང་ལུས་འབྲེལ་བྱུང་ཞིང་། དེ་དུས་མི་ཚང་མས་ཧྥ་རེ་ཌེ་རི་ཁཱ་ཟེར་བའི་རུས་སྦལ་དེ་མོ་ཞིག་ཡིན་པར་ཡིད་ཆེས་བྱས་ཡོད་པ་རེད་དེ། དོན་དམ་དུ་ཧྥ་རེ་ཌེ་རི་ཁཱ་རུས་སྦལ་ནི་རུས་སྦལ་ཕོ་ཞིག་ཡིན་པ་དུས་ཡུན་རིང་པོའི་རྗེས་སུ་ཤེས་རྟོགས་བྱུང་འདུག

གཉོར་སྐྱོང་བས་བཤད་ན། དེང་སང་མཚམས་རེར་རུས་སྦལ་ཇཱོ་ན་ཏན་གྱིས་ཨེམ་མཱ་(Emma) ཟེར་བའི་རུས་སྦལ་མོ་ཞིག་ལ་ལུས་འབྲེལ་བྱེད་བཞིན་འདུག

Jonathan, left, with David, a tortoise that is 136 years younger. (Joe Hollins)

ང་ཚོའི་འགྲོ་བ་མིས་ལུས་འབྲེལ་བྱེད་ཡུལ་ཕོ་མོ་ཡིན་མིན་འདོད་པ་ཆེན་པོ་འཛིན་བཞིན་པ་ལས། སེམས་ཅན་རུས་སྦལ་ལ་དེ་འདྲའི་འདོད་པ་མི་འདུག་ཅེས་བརྗོད་འདུག

ས་སྟེང་དུ་གནས་པའི་རུས་སྦལ་དབྱིན་སྐད་དུ་སེ་ཆེལ་ལེ་སི་(Seychelles) རུས་སྦལ་ཆེ་བ་ཟེར་བའི་རུས་སྦལ་གྱི་རིགས་འདི་རྩ་བའི་ཆ་ནས་ཚེ་ཚད་ལོ་༡༥༠ བརྒལ་ཡོད་ཀྱང་། གཉོར་སྐྱོང་བ་སྐུ་ཞབས་ཧོལ་ལིན་སི་ཡིས་ད་དུང་མུ་འཐུད་དུ་གླིང་ཕྲན་དེའི་སྲིད་སྐྱོང་བཞུགས་གནས་ཁང་དུ། རུས་སྦལ་འདིས་ལྟ་སྐོར་བ་མི་མང་པོར་མུ་འཐུད་དུ་བསུ་ཐུབ་པའི་རེ་བ་བརྒྱག་བཞིན་པ་རེད། གླིང་ཕྲན་དེ་ནི་ཨ་ཧྥེ་རི་ཀའི་མཚོ་འགྲམ་གྱི་སྤྱི་ལེ་༡༩༣༡ ལྷག་གི་དབྱིན་ཇིའི་ས་ཁོངས་ཀྱི་སཱན་ཧེ་ལེ་ནཱ་གླིང་ཕྲན་དུ་འཚོ་གནས་བྱས་ནས་བསྡད་ཡོད་པ་རེད།

ཚོད་དཔག་བྱས་པའི་ཡིན་ན། གྷ་རེན་ལན་ཌི་ཆུ་སྲིན་(Greenland sharks) ཟེར་བ་དེའི་རིགས་ཀྱི་ཚེ་ཚད་ནི་ལོ་༢༥༠ ཙམ་ཡིན་ཞིང་། སྐུ་ཞབས་ཧོལ་ལིན་སི་ཡིས་ཆུ་སྲིན་དེ་མ་གཏོགས་དེའི་སྔོན་གྱི་སེམས་ཅན་གཅིག་ཀྱང་འཚོ་མེད་པ་དེ་ལ་བསམ་བློ་བཏང་ན། ང་ཧ་ལས་ཀྱིན་འདུག་ཅེས་བཤད་འདུག

ན་ནིང་ལོ་སྟོད་ལ་རུས་སྦལ་གཉོར་སྐྱོང་བ་སྐུ་ཞབས་ཧོལ་ལིན་སི་ཡིས། ས་སྟེང་གི་ཚེས་ཐག་ཆེས་རིང་ཤོས་ཀྱི་སེམས་ཅན་གཉོར་སྐྱོང་བྱས་པའི་རང་གི་ཉམས་མྱོང་སྐོར་གྱི་དེབ་ཅིག་བྲིས་ཏེ། ཁ་བྱང་ལ་གོ་ལའི་མཐར་ཡོད་པའི་སེམས་ཅན་གཉོར་སྐྱོང་བ་ཞེས་བྲིས་ཡོད་པ་རེད། དེབ་དེ་དབྱིན་ཡུལ་དུ་དཔར་སྐྲུན་བྱས་ཟིན་ཡོད་པར་མ་ཟད། ཁོང་གིས་ད་ལོར་༢༠༢༤ ལ་ཨ་རིའི་ནང་དུའང་དེབ་དེ་དཔར་སྐྲུན་བྱ་འཆར་ཡོད་པ་རེད།

དེབ་དེའི་ལེའུ་དང་པོའི་ནང་དུ་སྐུ་ཞབས་ཧོལ་ལིན་སི་ཡིས། ལོ་༡༩༢ ཡིན་པའི་རུས་སྦལ་དེ་ལ་ལྟ་སྐྱོང་བྱས་པའི་སྐོར་བྲིས་ཡོད་པ་རེད། ལོ་བཅུ་བཞིའི་གོང་། དང་པོ་རུས་སྦལ་ཇཱོ་ན་ཏན་ལ་ཐུག་དུས་རུས་སྦལ་དེའི་འཕྲོད་བསྟེན་མི་བཟང་བའི་ཁར། མིག་གི་ནང་དུ་སྐྱ་གྲིབ་ཀྱང་སྐྱེས་ཡོད་པ་རེད། ད་དུང་རུས་སྦལ་དེའི་མཆུ་ཏོར་སེར་ཀ་གས་ནས་ཆག་སྟེ་འཐོར་ཡོད་པ་རེད། འོན་ཀྱང་། སྐུ་ཞབས་ཧོལ་ལིན་སི་ཡིས་ཤིང་ཏོག་སོས་པ་དང་། རྩྭ་དང་ལོ་མ་སོས་པ། དབྱིན་སྐད་དུ་ཁཱ་ལོ་རིས་ (calories) ཟེར་བའི་བཅུད་རྫས་དེའི་ཁ་གསབ་ཀྱི་སྨན་དང་། རྩི་ཤིང་གི་རིགས་སོས་པ་སྤྲད་པར་བརྟེན། རུས་སྦལ་དེའི་མཆུ་ཏོའི་སོས་ཏེ་གསར་བ་སྐྱེས་ནས་རུས་སྦལ་ཇཱོ་ན་ཏན་བདེ་ཐང་ཅན་དུ་གྱུར་ཡོད་པ་རེད།


ད་ལྟ་རུས་སྦལ་ཇཱོ་ན་ཏན་ཞ་ར་ཡིན་ཞིང་། སྣས་དྲི་མ་མི་ཚོར་བར་གྱུར་ཡོད་པ་རེད། འོན་ཀྱང་རུས་སྦལ་དེས་ཕྱི་རོལ་གྱི་སྒྲ་ལ་བརྟེན་ནས་རང་གི་འགྲོ་ལམ་ཤེས་བ་མ་ཟད། རྣ་བོའི་དབང་པོས་སྒྲ་ཐོས་བའི་ཚོར་བ་ཤིན་ཏུ་ལེགས་པོ་ཡོད་པ་གཉོར་སྐྱོང་བས་བཤད་འདུག

ལོ་༡༩༢ ཡིན་པའི་རུས་སྦལ་ཇཱོ་ན་ཏན་དེང་སང་གསར་འགྱུར་བརྒྱུད་ལམ་ཁག་དང་། ཡུལ་སྐོར་བ་མང་པོའི་ཁ་བརྡ་དང་གླེང་མོལ་གྱི་བརྗོད་བྱ་ཞིག་ཆགས་ཡོད་པར་མ་ཟད། གླིང་ཕྲན་དེ་ལ་ཆེད་དུ་རུས་སྦལ་ཇཱོ་ན་ཏན་ལ་ལྟ་སྐོར་བྱེད་མཁན་ཡུལ་སྐོར་བ་ལོ་རེར་ ༡༥༠༠ ཙམ་ཡོང་བཞིན་པ་རེད།

གླིང་ཕྲན་དེའི་གཞུང་གི་ཡུལ་སྐོར་དྲ་ཚིགས་སུ། གླིང་ཕྲན་དེའི་ངོས་ནས་རུས་སྦལ་ཇཱོ་ན་ཏན་ལ་གུས་ཞབས་མཚོན་ཆེད། རུས་སྦལ་ཇཱོ་ན་ཏན་གྱི་མིང་ཐོག་ནས་གུང་སེང་གི་ཉིན་མོ་ཞིག་བཟོ་རྒྱུའི་སྙན་ཞུ་བརྒྱབ་ཡོད་པར་བཤད་འདུག

Joe Hollins feeds Jonathan some lettuce in 2015. (Teeny Lucy)

གཉོར་སྐྱོང་བ་སྐུ་ཞབས་ཧོལ་ལིན་སི་ཡིས་གདོང་ལ་འཛུམ་ཞིག་བསྟོན་བཞིན།

གཅིག་བྱས་ན་རུས་སྦལ་དེ་ཁོ་རང་ལས་ཚེ་རིང་བར་སྡོད་སྲིད་ཀྱང་། ཁོང་གིས་བཤད་པ་ལྟར་ན། གང་ལྟར་ང་ཚོས་ཁོའི་ཆེད་དུ་ལས་ཀ་ཡིད་ཚིམ་པ་ཞིག་བྱས་ཡོད། ཁོ་རང་ལོ་༢༠༠ ལོན་པའི་སྐྱེས་སྐར་སྐབས་སུ་ང་ཡོད་པའི་རེ་བ་ཡོད་ལ། སྐྱེས་སྐར་ལ་ཡོང་ཐུབ་པའི་རེ་བའང་བརྒྱག་བཞིན་ཡོད་ཅེས་གསར་འགོད་པར་བཤད་འདུག

གསར་འགྱུར་འདི་ཕབ་སྒྱུར་དང་སྙན་སྒྲོན་ཞུ་མཁན་ཚུལ་ཁྲིམས་རྒྱ་མཚོ་ཡིན།