༄༅།། འཛམ་གླིང་གི་སའི་གོ་ལའི་བྱང་སྣེ་རུ་ཆགས་པའི་གྷེ་རཱིན་ལན་ཌི་ཞེས་བྱ་བའི་ཡུལ་ལུང་དེར་གྲོས་ཚོགས་འཐུས་མི་འོས་བསྡུ་བྱས་ཡོད་ཅིང་། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱི་ལས་དུས་གཉིས་པ་མགོ་ཚུགས་པའི་རྗེས་སུ་དམག་དོན་འཐབ་ཇུས་ལ་གནད་འགག་ཆེ་བའི་གྷེ་རཱིན་ལན་ཌི་ཨ་མི་རི་ཀར་དགོས་ཞེས་གཏམ་བཤད་བྱས་ནས་ཡུ་རོབ་ཀྱི་མཐུན་གྲོགས་རྒྱལ་ཁབ་ཌན་མག་ལ་ཁོང་ཁྲོ་བསླངས། ཕྱི་ཟླ་༣་པའི་ཚེས་༡༡་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གྷེ་རཱིན་ལན་ཌིའི་མཐའ་འཁོབ་གཞིས་ཆགས་ཁག་གི་འོས་ཤོག་རྣམས་གནམ་གྲུ་དང་གྲུ། ཐད་འཕུར་གནམ་གྲུ་བཏང་ནས་ལེན་དགོས་པས་གཞུང་འབྲེལ་གྱི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་བྱ་རྒྱུ་ཡུན་རིང་འགོར་སྲིད། ཡིན་ནའང་གཞུང་འབྲེལ་མ་ཡིན་པའི་འོས་བསྡུའི་གྲུབ་འབྲས་ཤིག་ཡུན་རིང་མི་འགོར་བར་ཕྱི་རུ་སྒྲོགས་ཤས་ཆེ། གྷེ་རཱིང་ལན་ཌིར་མི་འབོར་༥༦༠༠༠་ལས་མེད་པ་དང་ཡུ་རོབ་རྒྱལ་ཁབ་ཌན་མག་གི་དབང་བསྒྱུར་འོག་ཏུ་ཚུད་ནས་ལོ་༣༠༠་ལྷག་འདས།།
གྷེ་རཱིན་ལན་ཌིའི་གྲོང་རྡལ་ཞིག
གྷེ་རཱིན་ལན་ཌིར་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ས་ཡ་༢.༡༦་ཡོད་པ་དང་འཛམ་གླིང་གི་ས་རྒྱ་ཆེ་ཆུང་ཨང་༡༢་པའི་གནས་བབ་ཐོབ། ས་གནས་ཀྱི་ལས་ཀའི་ས་མིག་བརྒྱ་ཆ་༤༠་ཐམ་པ་གཞུང་གི་ལས་ཁུངས་ཁག་ལ་བརྟེན་ཡོད་པ་དང་མང་ཚོགས་ཀྱིས་ས་གནས་དེའི་གཏེར་རྫས་དཀོན་རིགས་རྣམས་བཙོངས་ཏེ་དཔལ་འབྱོར་ཡོང་འབབ་དང་ལས་ཀའི་གོ་སྐབས་མང་དུ་གཏོང་ཐུབ་རྒྱུའི་རེ་ལྟོས་འཆང་། དེ་རིང་གི་འོས་བསྡུའི་སྐབས་སུ་གྷེ་རཱིང་ལན་ཌིའི་མི་དམངས་ཀྱིས་གྲོས་ཚོགས་འཐུས་མི་རྣམས་གདམ་དགོས་པ་ལས་ས་གནས་དེ་རང་བཙན་ནམ། ཡང་ན་སྔར་བཞིན་ཌན་མག་གི་མངའ་ཁོངས་སུ་རང་སྐྱོང་། དེ་མིན་ན་གྷེ་རཱིང་ལན་ཌི་ཨ་མི་རི་ཀའི་མངའ་ཁོངས་སུ་ཞུགས་དགོས་པའི་མང་མོས་འོས་འདེམས་བྱས་མེད་ཀྱང་ཡུལ་ལུང་དེའི་ས་སྐྱེས་རྡོ་སྐྱེས་ཀྱི་མི་རིགས་ཨི་ཉུ་ཝ་ཏ་བ་ཚོས་༢༠༠༩་ནས་རང་བཙན་གྱི་ལས་འགུལ་སྤེལ། གྷེ་རཱིན་ལན་ཌིའི་མི་དམངས་ཀྱིས་རང་གི་མདུན་ལམ་ཐད་ཐག་གཅོད་ཡང་དག་པ་དང་མ་ནོར་བ་ཞིག་བྱ་དགོས་ཞེས་གྲོས་སྡུར་བྱ་རྒྱུ་མགོ་ཚུགས།།
གྷེ་རཱིན་ལན་ཌིའི་རྒྱལ་ས་ནུག་གྲོང་ཁྱེར་དུ་མང་ཚོགས་ཀྱི་འོས་ཤོག་འཕེན་བཞིན་པའི་འདྲ་པར།
སྲིད་འཛིན་ཌོ་ནལ་ཊམ་གྱིས་གྷེ་རཱིན་ལན་ཌི་གཏེར་རྫས་དཀོན་རིགས་་ཀྱིས་རབ་ཏུ་ཕྱུག་པ་དང་ས་གནས་དེ་དམག་དོན་འཐབ་ཇུས་ལ་གནད་འགག་ཆེ་བ་བཅས་ལ་གཞིགས་ནས་ཡུལ་ལུང་དེ་ཨ་མི་རི་ཀས་ལེན་ཐབས་བྱ་རྒྱུ་ཡིན། གྷེ་རཱིན་ལན་ཌིའི་ཡུལ་མི་ཚོར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པ་རེད། ཁྱེད་ཚོ་ཨ་རིའི་མངའ་ཁོངས་སུ་ཞུགས་ན་འཚོ་བ་དང་དཔལ་འབྱོར་འཕེལ་རྒྱས། གྷེ་རཱིན་ལན་ཌིའི་བདེ་འཇགས་སྲུང་སྐྱོབ་ལ་སེམས་ཁྲལ་བྱེད་མི་དགོས་པ་སོགས་ཀྱི་དགེ་མཚན་ཡོད་ཅེས་གདམ་ཀ་ཞིག་སྤྲད། གྷེ་རཱིན་ལན་ཌི་བ་ཚོས་རང་གི་ཡུལ་ལུང་དེར་ཚོང་ལས་དང་མ་རྩ་འཛུགས་འཇོག་གི་སྒོ་མོ་ཕྱེ་ཡོད། ཡུལ་ལུང་དེ་བཙོང་རྒྱུ་མིན་ཞེས་ལངས་ཕྱོགས་གསལ་པོར་བསྟན། གྷེ་རཱིན་ལན་ཌིའི་མི་དམངས་ལ་བསམ་ཚུལ་དྲིས་པའི་གྲུབ་འབྲས་ཁག་ཏུ་ཡུལ་མི་མང་ཆེ་བ་རང་བཙན་ལ་འཐད་པ་དང་ཌོ་ནལ་ཊམ་གྱི་སྐད་ཆ་དེས་མི་མང་ཁག་ཅིག་ལ་ཤུགས་རྐྱེན་ཐེབས།།
གྷེ་རཱིན་ལན་ཌིའི་གཞུང་འཛིན་ཨི་ནུག་ཝ་ཏ་ཆིག་སྒྲིལ་ཚོགས་པའི་གྲོས་ཚོགས་འཐུས་མི་པི་པ་ལུག་ལཱེང་(Pipaluk Lynge)་གིས་བཤད་པ་ལྟར་ན། ད་ལོ་ཌོ་ནལ་ཊམ་གྱིས་གྷེ་རཱིན་ལན་ཌི་ཨ་མི་རི་ཀར་དགོས་ཟེར་ནས་བཟུང་། ང་ཚོ་མང་ཆེ་བར་སྐྲག་སྣང་ཞིག་བསླེབས་བྱུང་། གྷེ་རཱིན་ལན་ཌིའི་བདག་དབང་དེ་བརྟན་པོ་ཞིག་འབྱུང་ཐབས་སུ་ང་ཚོས་ཡུ་རོབ་རྒྱལ་ཁབ་ཁག་ལ་འབྲེལ་བ་སྲ་བརྟན་གཏོང་ཐུབ་མིན་ལྟ་བཞིན་ཡོད་ཅེས་གསར་འགོད་པའི་དྲི་བར་ལན་བཏབ། ལོ་ན་༥༣་ལ་སོན་པའི་གྷེ་རཱིང་ལན་ཌི་བ་ཉ་པ་གྷར་ཐ་ཇཱོ་སེབ་སན་(Gerth Josefsen)་ཞེས་པ་ནི་སྲིད་འཛིན་ཊམ་ལ་དགའ་མོས་བྱེད་མཁན་ཞིག་ཡིན་ཞིང་། ཁོ་པ་ཨ་རིའི་ཧྥུ་ལོ་རི་ཌ་མངའ་སྡེ་ཡོད་པའི་ཌོ་ནལ་ཊམ་གྱི་མ་ར་ལཱ་གྷོ་གཞིས་ཀར་ལྟ་སྐོར་དུའང་ཡོང་མྱོང་ཡོད་མོད། འོན་ཀྱང་ཇོ་སེབ་སན་གྱིས་གྷེ་རཱིན་ལན་ཌིའི་མདུན་ལམ་དེ་ས་གནས་མང་ཚོགས་ལ་ཐག་གཅོད་བྱེད་དུ་འཇུག་དགོས་ཞེས་ལྟ་ཚུལ་བརྗོད།།
གྷེ་རཱིན་ལན་ཌི།
གྷེ་རཱིན་ལན་ཌིའི་ས་ཡེ་མ་ཏེ་སྤྱི་ཚོགས་དམངས་གཙོ་ཚོགས་པའི་འཐུས་མི་ཌོ་རི་སི་ཇཱེན་སན་(Doris Jensen)་གྱིས་བཤད་པ་ལྟར་ན། ཌོ་ནལ་ཊམ་གྱི་སྐད་ཆ་དང་འཛམ་གླིང་གི་འགྱུར་ལྡོག་ལ་བརྟེན་ནས་གང་ཅིའི་གནས་སྟངས་འགྱུར་བ་ཐེབས་ཏེ་བཤད་མི་ཤེས་པ་ཞིག་རེད། ང་ནི་རང་བཙན་དོན་གཉེར་བ་ཞིག་ཡིན་པ་དང་ང་ཚོའི་སྲིད་དོན་ཚོགས་པས་མྱུར་དུ་རང་བཙན་རྩོད་དགོས་པའི་ཐག་གཅོད་བྱས་པ་ཡིན་ཞེས་བཀྲལ། སྔོན་ཆད་གྷེ་རཱིན་ལན་ཌི་ཟེར་དུས་མི་ཚོའི་བློ་ཡུལ་དུ་གངས་དང་འཁྱག་རོམ་གྱི་ས་གནས་ཤིག་གི་དོན་སྤྱི་ཤར། ད་ལྟ་འཛམ་གླིང་ཤར་ཕྱོགས་ཀྱི་ཉི་ཧོང་དང་ཡུ་རོབ་རྒྱལ་ཁབ་ཁུ་རོ་ཤི་ཡ་སོགས་ཀྱི་གསར་འགོད་པ་རྣམས་གྷེ་རཱིན་ལན་ཌིར་ལྷགས་ནས་ས་གནས་དེར་འཛམ་གླིང་ཧྲིལ་པོའི་དོ་སྣང་བསླེབས། དེ་ནི་གོ་ལའི་བྱང་སྣེ་རུ་ཆགས་པའི་ཡུལ་ལུང་དེའི་གནས་སྟངས་རྒྱུན་ལྡན་མིན་པ་ཞིག་ཏུ་གྱུར་ཡོད་པའི་རྟགས་སུ་མངོན།།
༡༩༥༡་ནས་གྷེ་རཱིན་ལན་ཌིའི་ས་ཐོག་ཏུ་ཨ་རིའི་གནམ་དམག་གི་དམག་སྒར་ཆགས་ཏེ་འཕུར་མདེལ་དཔུང་སྡེ་བཀྲམ། གྷེ་རཱིན་ལན་ཌི་བ་ཚོ་ཨ་མི་རི་ཀའི་དམག་ལ་སྡང་ཟུག་ཆེ་བའི་རྟགས་མཚན་མི་རྙེད། ཕྱི་ཟླ་༣་པའི་ཚེས་༡༡་ཉིན་རོ་ཡེ་ཊར་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གྷེ་རཱིན་ལན་ཌིའི་སྲིད་བློན་མཱི་ཆི་ཨི་གྷེས་(
གྷེ་རཱིན་ལན་ཌིའི་སྲིད་བློན་མཱི་ཆི་ཨི་གྷེ།
)་ཌོ་ནལ་ཊམ་གྱི་འདོད་པ་ལྟར་ང་ཚོས་རང་གི་ཡུལ་ལུང་འདི་བཙོང་རྒྱུ་མིན་ཞེས་དགག་པ་བརྒྱབ། དེ་བཞིན་ཟླ་བ་སྔོན་མར་ཌན་མག་གི་སྲིད་བློན་གྱིས་ཀྱང་གྷེ་རཱིན་ལན་ཌི་ཚོང་རྫས་ཤིག་མིན། ཡུལ་ལུང་དེའི་མདུན་ལམ་ནི་ས་གནས་མི་དམངས་ལ་ཐག་གཅོད་བྱེད་དུ་འཇུག་དགོས་ཞེས་ལན་འགའ་བཟློས། གྷེ་རཱིན་ལན་ཌིའི་རྒྱལ་ས་ནུག་གྲོང་ཁྱེར་ནི་ཌན་མག་གི་རྒྱལ་ས་ཀོ་པན་ཧེ་གྷན་དང་བསྡུར་ན་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་ལ་བར་ཐག་ཉེ། ས་གནས་དེར་རྡོ་སྣུམ་དང་སོལ་རླངས། གཏེར་རྫས་དཀོན་རིགས་ཀྱི་ཐོན་སྐྱེད་ཡོད་ཀྱང་སྔོག་འདོན་མ་ཐུབ་པར་དཔལ་འབྱོར་ཐོན་སྐྱེད་ཌན་མག་གཞུང་གི་རོགས་དངུལ་ལ་བརྟེན་དགོས་པར་གྱུར།།
ར་ཤི་ཡའི་གོ་ལའི་བྱང་སྣེའི་དམག་དཔུང་སྡེ།
ཉེ་བའི་ལོ་ཤས་ཤིག་ནས་ར་ཤི་ཡ་དང་རྒྱ་ནག་གཉིས་མཉམ་འབྲེལ་བྱས་ནས་གོ་ལའི་བྱང་སྣེ་ཕྱོགས་སུ་དམག་སྒར་བཙུགས་ཏེ་ས་ཆ་འཛིན་གྱི་ཡོད་པས་ཨ་མི་རི་ཀ་དོགས་འདྲོག་ལངས། གོ་ལའི་བྱང་སྣེ་རུ་བཅའ་སྡོད་ཨ་རིའི་གཞུང་ཚབ་པས་པེ་ཅིང་གི་དབང་འཛིན་པ་ཚོས་རྒྱ་ནག་གོ་ལའི་བྱང་སྣེ་དང་བར་ཐག་ཉེ་བའི་རྒྱལ་ཁབ་ཅིག་ཡིན། གོ་ལའི་བྱང་སྣེ་རུ་དར་གོས་ཚོང་ལམ་འཛུགས་སྐྲུན་བྱ་རྒྱུ་ཡིན་ཟེར་གྱི་འདུག་ཅེས་ཉེན་བརྡ་བཏང་འདུག དེང་སྐབས་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་ཚ་དྲོད་ཆེ་རུ་ཕྱིན་ཏེ་འཁྱག་རོམ་རྣམས་ཞུ། གོ་ལའི་བྱང་ཕྱོགས་སུ་མཚོ་ལམ་གསར་པ་ཞིག་སྒོ་འབྱེད་ཐུབ་ཡོད་པས་ར་ཤི་ཡ་དང་རྒྱ་ནག་གིས་གོ་སྐབས་དམ་འཛིན་བྱས་ནས་ཨ་རི་དང་ཁེ་ན་ཌའི་བདེ་འཇགས་ལ་འཕྲད་ཕྲད། གོ་ལའི་བྱང་སྣེ་ཕྱོགས་སུ་ཨ་མི་རི་ཀར་མཚོ་ལམ་འགག་སྲིད་པས་གྷེ་རཱིན་ལན་ཌི་ཨ་རིའི་བདེ་འཇགས་དང་དམག་དོན། དཔལ་འབྱོར་དང་ཚོང་ལས་སོགས་ལ་དགོས་མཁོ་ཆེ་རུ་སོང་།།
གྷེ་རཱིན་ལན་ཌི་དམག་དོན་འཐབ་ཇུས་ལའང་གནད་འགག་ཆེ་བ་སྟེ། ཡུལ་ལུང་དེ་ཡུ་རོབ་དང་བྱང་ཨ་རི་གཉིས་ཀྱི་བར་དུ་ཆགས། གལ་སྲིད་དམག་འཁྲུག་ཅིག་ལངས་ན་གྷེ་རཱིན་ལན་ཌིར་འགྲེམ་འཇོག་བྱས་ཡོད་པའི་ཨ་རིའི་འཕུར་མདེལ་དཔུང་སྡེས་ཡུ་རོབ་དང་བྱང་ཨ་རི་གཉིས་ཀར་དལ་འགོར་མེད་པར་བདེ་བླག་ཏུ་སྲུང་སྐྱོབ་བྱེད་ཐུབ་པར་མ་ཟད། ཌན་མག་ལ་གྷེ་རིན་ལན་ཌི་སྲུང་སྐྱོབ་བྱེད་ཐུབ་པའི་དམག་གི་སྟོབས་ཤུགས་མེད། ཨ་མི་རི་ཀའི་དམག་དཔུང་གིས་དགྲ་ཕྱོགས་ཀྱི་འཕུར་མདེལ་དང་གནམ་གྲུ་མྱུལ་ཞིབ་ཐུབ་པའི་རེ་ཌར་འཕྲུལ་ཆས་བཙུགས་ནས་མངའ་དབྱིངས་འགོག་སྲུང་གི་ལྟེ་གནས་སུ་བསྒྱུར། ཌོ་ནལ་ཊམ་གྱིས་གྷེ་རཱིན་ལན་ཌི་དགོས་ཞེས་ཁྱབ་བསྒྲགས་བྱས་པའི་རྗེས་སུ་ཌན་མག་གཞུང་གིས་ཨ་སྒོར་དུང་ཕྱུར་༢༠་ཐམ་པའི་དམག་དོན་འགྲོ་གྲོན་ཞིག་ལ་ཆོག་མཆན་བཀོད། གྷེ་རཱིན་ལན་ཌིར་ཌན་དམག་གི་དམག་སྒར་རྒྱ་སྐྱེད་གཏང་རྒྱུའི་ཐག་གཅོད་བྱས་པའི་གནས་ཚུལ་ཐོན་འདུག