ཨི་སི་རལ་ལ་རིཊ་རྒྱུད་རྩ་མེད་གཏོང་བའི་སྐྱོན་བརྗོད་ཐད་འཛམ་གླིང་རྒྱལ་ཁབ་ཁག་གི་ལངས་ཕྱོཊ།

ཨ་རིའི་མཉམ་འབྲེལ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་གསལ། ལྷོ་ཨ་ཧྥེ་རི་ཀའི་རྒྱལ་ཁབ་གྱི་བརྗོད་དོན་བྱས་ན། ད་ཕན་རྒྱལ་ཁབ་༥༠ ལྷག་གིས་རྒྱལ་ཚོགས་ཀྱི་ཆེས་མཐོའི་ཁྲིམས་ཁང་ནང་། གྷ་ཛ་ལུང་གཤོངས་སུ་ཨི་སི་རལ་གྱིས་པ་ལི་སི་ཐན་གྱི་མིར་རིགས་རྒྱུད་རྩ་མེད་གཏོང་བའི་ཉེས་འཛུགས་ཀྱི་གྱོད་དོན་ཐད་རྒྱལ་སྐྱོར་བྱས་ཡོད་པ་དང་། ལྷོ་ཨ་ཧྥེ་རི་ཀས་ཧ་མ་སིས་སྤྱི་ཟླ་བཅུ་པའི་ཚེས་བདུན་ཉིན་གྱི་འཇབ་རྒོལ་ལའང་དེ་མཚུངས་ཀྱི་སྐྱོན་བརྗོད་བྱེད་ཀྱི་ཡོད་ཀྱང་། དོན་རྐྱེན་དེས་ཨི་སི་རལ་གྱི་ད་ལྟའི་བྱེད་སྟངས་དེ་བཞིན་ལུགས་མཐུན་ཡིན་པའི་སྒྲུབ་བྱེད་དུ་ངོས་འཛིན་བྱེད་ཀྱི་མེད་པར་མ་ཟད། རྒྱལ་སྤྱིའི་ཁྲིམས་ཁང་གིས་མགྱོགས་མྱུར་དུ་ཨི་སི་རལ་གྱིས་རིགས་རྒྱུད་རྩ་མེད་གཏོང་བའི་ནག་ཉེས་ལ་ཁྲིམས་ཐག་བཅད་དེ། གྷ་ཛའི་དམག་འཁྲུག་མཚམས་འཇོག་གི་བཀོད་ཁྱབ་གཏོང་དགོས་པའི་རེ་བ་བྱེད་ཀྱི་ཡོད་པ་རེད།

ཨ་མེ་རི་ཀ་ཐེ་བའི་རྒྱལ་ཁབ་གཞན་ཁག་གིས་ལྷོ་ཨ་ཧྥེ་རི་ཀའི་རྒྱལ་ཁབ་ཀྱིས་ཨི་སི་རལ་ལ་རིགས་རྒྱུད་རྩ་མེད་གཏོང་བའི་ཉེས་འཛུགས་བྱས་ཐད་སྐྱོན་བརྗོད་དྲག་པོ་བྱེད་ཀྱི་ཡོད་པ་དང་། རྒྱལ་ཁབ་ཁག་ཅིག་གིས་ལངས་ཕྱོགས་གསལ་སྟོན་མེད་པར་ཁུ་སིམ་མེར་བསྡད་ཡོད་ཅིང་། རེས་གཟའ་ཕུར་བུ་དང་པ་སངས་ཉིན། ཧེ་ཡ་རྒྱལ་སྤྱིའི་ཁྲིམས་ཁང་དུ་ལོ་རྒྱུས་རང་བཞིན་ལྡན་པའི་གྱོད་དོན་འདིར་ཞིབ་དཔྱོད་ཚུགས་སྐབས། མི་ལོ་༧༥ རིང་ལ་ཐག་མ་ཆོད་པའི་ཨི་སི་རལ་དང་པ་ལི་སི་ཐན་དབར་གྱི་གནད་དོན་ཐད་གོ་ལའི་ཁྱོན་ཡོངས་ཀྱིས་ལྟ་ཕྱོགས་ཐ་དད་དང་ཅི་བྱ་བརྟོལ་མེད་ཀྱི་ངང་ཚུལ་འཛིན་བཞིན་པ་གསལ་པོ་ཡིན་པ་རེད། རེས་གཟའ་ཉི་མའི་ཉིན་ལ་ཨི་རི་རལ་དང་ཧ་མ་སིའི་དབར་མི་གསོད་ཁྲག་སྦྱོར་གྱི་འཁྲུག་ཟིང་ལངས་ནས་ཉིན་གྲངས་༡༠༠ ཐམ་པ་འཁོར་གྱི་ཡོད་པ་རེད།

ལྷོ་ཨ་ཧྥེ་རི་ཀའི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་མཁན་མང་ཆེ་ཤོས་ཨ་རབ་ཁ་ཆེའི་ལུང་པ་དང་ཨ་ཧྥེ་རི་ཀའི་ལུང་པ་ཁག་ནས་ཡིན་པ་དང་། ཡུ་རོབ་ཏུ་ཁ་ཆེའི་རྒྱལ་ཁབ་ཏུར་ཀི་གཅིག་པུས་ཡོངས་གྲགས་ཀྱི་ཐོག་ནས་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་བསྟན་ཡོད་པ་རེད། ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ལས་ལྷོ་ཨ་ཧྥེ་རི་ཀས་ཨི་སི་རལ་ལ་རིགས་རྒྱུད་རྩ་མེད་གཏོང་བའི་ནག་ཉེས་བཙུགས་ཐད་རྒྱབ་སྐྱོར་བྱེད་མཁན་གཅིག་ཀྱང་བྱུང་མེད་པ་རེད། ཨི་སི་རལ་གྱི་མཐུན་གྲོགས་ཨ་རིས་བདེན་དཔང་གང་ཡང་མི་འདུག་ཅེས་རྒྱུ་མཚན་དུ་བགྲངས་ཏེ། ཉེས་འཛུགས་ཀྱི་གྲོས་མགོ་བཏོན་པ་དེ་དག་ངོས་ལེན་བྱས་མེད་པ་རེད། དབྱིན་ཇིས་གནས་ལུགས་གང་ནང་མི་འདུག་ཅེས་བརྗོད་ཡོད་པ་དང་། འཇར་མན་གྱིས་ཁ་གསལ་གཏིང་གསལ་གྱི་ཐོག་ནས་གྲོས་གཞི་འཕྲི་སློག་བཏང་ཡོད་པ་རེད།

རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་རྒྱལ་སྤྱིའི་ཁྲིམས་ཁང་གིས་ཞིབ་དཔྱོད་བྱེད་བཞིན་པའི་གྱོད་དོན་ཆེ་ཤོས་གྲས་དེའི་ཐད་ལ་སྐད་ཆ་གང་ཡང་བཤད་མེད་པ་དང་། ཡུ་རོབ་མནའ་འབྲེལ་གྱིས་ཀྱང་དེ་དོན་དཔྱད་བརྗོད་གང་ཡང་སྤེལ་མེད་པ་རེད། ཨི་སི་རལ་གྱིས་རིགས་རྒྱུད་རྩ་མེད་གཏོང་བའི་ཉེས་འཛུགས་ཐད་ངོས་ལེན་མེད་པའི་རྣམ་འགྱུར་ཤུགས་ཆེ་བསྟན་ཡོད་པར་མ་ཟད། ཁོང་ཚོས་མི་དམངས་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་པ་དང་། ད་ལན་གྱི་དཔུང་འཇུག་བྱེད་དོན་ནི་ཧ་མ་སིའི་བྱེད་གཏེ་རྣམས་རྩ་མེད་གཏོང་ཕྱིར་ཡིན་པ་འགྲེལ་བརྗོད་བྱས་ཡོད་པ་རེད། ཧ་མ་སི་ཞེས་པ་ནི་གྷ་ཛ་ལུང་གཤོངས་སུ་དབང་སྒྱུར་བྱེད་མཁན་གྱི་ཐལ་མཐའི་སྒྲིག་འཛུགས་ཤིག་ཡིན་ཞིང་། ན་ནིང་ལོའི་སྤྱི་ཟླ་༡༠ པའི་ཚེས་༧ ཉིན་ཨི་སི་རལ་གྱི་ལྷོ་ཕྱོགས་སུ་གློ་བུར་དུ་འཇབ་རྒོལ་བྱས་ཏེ། མི་༡༢༠༠ རྐྱེན་འདས་སུ་བཏང་ཡོད་པ་ལས། མང་ཆེ་ཤོས་ཞི་བའི་མི་དམངས་ཡིན་པར་མ་ཟད། མི་གཏའ་༢༥༠ ཐམ་པ་བཙན་ཁྲིད་བྱས་ནས་འཁྲུག་རྩོད་ལངས་འགོ་ཚུགས་ཡོད་པ་རེད།

ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ནིང་བྷུ་ལིན་ཁེན་ལགས་ཀྱིས་ཧ་མ་སི་དང་སྒྲིག་འཛུགས་གཞན་ཁག་གིས་མུ་མཐུད་ནས་ཨི་སི་རལ་རྩ་མེད་བཟོ་བ་དང་ལྗིའུ་མི་རིགས་སྡེབས་གསོད་བྱ་རྒྱུའི་འབོད་སྐུལ་གཏོང་བཞིན་པར་གཞིགས་ན། ཨི་སི་རལ་ལ་རིགས་རྒྱུད་རྩ་མེད་ཀྱི་ཉེས་འཛུགས་ཀྱི་གྱོད་དོན་དེ་ནི་ཁོང་ཁྲོ་ལངས་གཞི་ཞིག་རེད་ཅེས་གསུངས་འདུག། ཨ་མེ་རི་ཀ་དང་། དབྱིན་ཇི། ཡུ་རོབ་སོགས་ཀྱིས་ཧ་མ་སིའི་སྒྲིག་འཛུགས་དེ་འཇིགས་སྐུལ་རིང་ལུགས་པའི་ཁོངས་སུ་བཅུག་ཡོད་པ་རེད།

གྷ་ཛའི་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་བརྗོད་དོན་ལྟར་ན། ཨི་སི་རལ་གྱིས་གྷ་ཛ་ལུང་གཤོངས་སུ་དམག་དོན་གྱི་རྒོལ་ལན་སློག་ནས་ཞི་དྲག་གི་དབྱེ་བ་མེད་པར་ལི་སི་ཐན་གྱི་མི་༢༣༠༠༠ རྐྱེན་འདས་སུ་ཕྱིན་ཡོད་པ་རེད། གནས་ཚུལ་སྤེལ་བ་ལྟར་ན། རྐྱེན་འདས་སུ་ཕྱིན་པའི་ཁོངས་ནས་མི་སུམ་ཆ་གཉིས་ལྷག་ཙམ་བུད་མེད་དང་བྱིས་པ་ཡིན་པ་རེད། གྷ་ཛའི་བྱང་ཕྱོགས་ཀྱི་ས་ཆ་མང་ཆེ་བ་མི་མེད་ལུང་སྟོང་ཨ་ཆེན་གངས་རྒྱབ་ལྟ་བུ་ཆགས་ཡོད་པ་དང་། གཞིས་སྡོད་ཁུལ་ཚང་མ་ཨི་སི་རལ་དམག་དཔུང་གིས་གནམ་ཐོག་དང་སྐམ་ཐོག་ནས་རྒོལ་རྡུང་བཏང་སྟེ་རྩ་མེད་ཤུལ་བརླག་ཏུ་ཕྱིན་ཡོད་པ་རེད།

རེས་གཟའ་པ་སངས་ཉིན་གྱི་ཉན་ཞིབ་ཚོགས་འདུ་མཇུག་གྲུབ་པའི་ཉིན་དེར། འཇར་མན་གྱིས་ཨི་སི་རལ་ལ་རྒྱབ་སྐྱོར་ཡོད་པའི་གསལ་བསྒྲགས་གནང་ཡོད་ཅིང་། དམག་ཆེན་གཉིས་པའི་སྐབས་སུ་ནཱ་ཛེ་འཇར་མན་གྱིས་ཡུ་རོབ་ཁུལ་དུ་ལྗིའུ་མི་རིགས་ས་ཡ་དྲུག་དམར་གསོད་བཏང་བའི་ལོ་རྒྱུས་ཡོད་པའི་རྐྱེན་གྱིས། འཇར་མན་གྱིས་ཨི་སི་རལ་ལ་རྒྱབ་སྐྱོར་བྱས་པ་དེར་མཚོན་དོན་ཆེན་པོ་ཡོད་པ་རེད། ཡུ་རོབ་མནའ་འབྲེལ་ཁོངས་སུ་འཛུལ་བཞུགས་བྱེད་བཞིན་པའི་ཏུར་ཀིས་གྱོད་དོན་དེའི་ནང་ཨི་སི་རལ་ལ་དམིགས་པའི་ཡིག་ཆ་བཏོན་ཡོད་པ་དང་། སྤྱི་ཁྱབ་ལས་ཁུངས་ཁེ་རོར་རྟེན་གཞི་བྱས་ཡོད་པའི་ཨ་རབ་མནའ་འབྲེལ་གྱིས་ཀྱང་ལྷོ་ཨ་ཧྥེ་རི་ཀའི་བཞེད་དོན་ལ་རྒྱབ་སྐྱོར་བྱས་ཡོད་ཅིང་། མནའ་འབྲེལ་དེའི་ཁོངས་སུ་ཚོགས་འཐུས་རྒྱལ་ཁབ་༢༢ ཡོད་པ་ཚང་མ་ཁ་ཆེའི་ཚོགས་འདུའི་སྒྲིག་འཛུགས་ཀྱི་ཁོངས་གཏོགས་པ་ཤ་སྟག་ཡིན་པ་རེད།

དེ་དང་ཕྱོགས་མཚུངས་རྒྱལ་སྤྱིའི་ཁྲིམས་ཁང་དུ་རིགས་རྒྱུད་རྩ་མེད་ཀྱི་ཉེས་འཛུགས་ཕོག་པའི་རྒྱ་ནག་དང་། ཨུ་རུ་སུ། གསར་དར་གྱི་རྒྱལ་ཁབ་རྒྱ་གར་བཅས་ཀྱིས་ཕལ་ཆེར་ཅི་ཡང་མི་སྨྲ་བའི་བརྟུལ་བཞུགས་བཟུང་ཡོད་པ་དང་། བྷི་རེ་ཟེལ་གྱིས་ཐད་ཀར་ཨི་སི་རལ་ལ་རིགས་རྒྱུད་རྩ་མེད་གཏོང་བའི་ཉེས་འཛུགས་བྱས་མེད་པར་གྷ་ཛ་ལུང་གཤོངས་སུ་མེ་འཕེན་མཚམས་འཇོག་གི་གལ་ཆེན་རང་བཞིན་སྐོར་གཙོ་འདོན་བྱས་ཡོད་པ་རེད། ཉེ་བའི་ལོ་ངོ་གཉིས་ཀྱི་སྔོན་དུ་ཁྲིམས་ཁང་དེས་ཨུ་རུ་སུར་ཡུག་ཀེ་རན་ཐོག་མེ་འཕེན་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་ཡོད་ཀྱང་། ཨུ་རུ་སུས་དེ་དེ་བཞིན་དུ་བྱས་མེད་པ་རེད།