ཨུ་རུ་སུའི་ས་གནས་ཀུར་ས་ནང་དམག་འཁྲུག་ཤུགས་ཆེར་རྒྱག་བཞིན་པ།

ཡུ་ཀེ་རེན་གྱིས་བདུན་ཕྲག་སྔོན་མ་དམག་མི་ཆིག་ཁྲི་ཙམ་མངགས་གཏོང་བྱས་

Your browser doesn’t support HTML5

ཨུ་རུ་སུའི་ས་གནས་ཀུར་ས་ནང་དམག་འཁྲུག་ཤུགས་ཆེར་རྒྱག་བཞིན་པ།

ཡུ་ཀེ་རེན་གྱི་དམག་མིས་བདུན་ཕྲག་གཅིག་གི་གོང་ཨུ་རུ་སུའི་ས་མཚམས་ཀྱི་ས་གནས་ཀུར་ས་ལ་བཙན་འཛུལ་དཔུང་འཇུག་བྱས་པ་དེ་ནི་ཡུལ་དེས་རྡུལ་ཕྲན་གྱི་མཚོན་ཆ་ལྡན་པའི་སྟོབས་ཆེན་རྒྱལ་ཁབ་གཅིག་ལ་བཙན་འཛུལ་དཔུང་འཇུག་བྱས་པ་དང་། དེ་ནི་སྙིང་སྟོབས་ལྡན་པའི་རྒྱན་རྩེད་ཆེན་པོར་ངོས་འཛིན་བྱེད།

དམག་འཁྲུག་དེའི་ནང་ཡུ་ཀེ་རེན་གྱི་དམག་མིར་རྒྱལ་ཁ་ཐོབ་ཀྱི་ཡོད་པའི་མཚོན་རྟགས་བྱུང་རྗེས་སྲིད་འཛིན་ཛི་ལནྶ་ཀིས་ཉིན་རེའི་གསར་འགྱུར་ནང་ཡུ་ཀེ་རེན་གྱི་དམག་མིར་རྒྱལ་ཁ་ཐོབ་ཀྱི་ཡོད་པ་དེ་མི་མང་ཚོར་གསལ་བསྒྲཌ་གནང་ཡོད།

ཨུ་རུ་སུའི་སྲིད་འཛིན་གྱིས་ཡུ་ཀེ་རེན་གྱི་དམག་འཁྲུག་དེར་ངན་པ་ངན་འཇལ་གྱི་དགྲ་ལན་ཤུགས་ཆེ་སློག་རྒྱུའི་གསལ་བསྒྲགས་བྱས་པ་དང་། ཡུ་ཀེ་རེན་གྱིས་བདུན་ཕྲག་སྔོན་མ་དམག་མི་ཆིག་ཁྲི་ཙམ་མངགས་གཏོང་བྱས་ཏེ་ཨུ་རུ་སུའི་ས་མཚམས་ཀྱི་ས་གནས་ཀུར་ས་ལ་དཔུང་འཇུག་བཙན་འཛུལ་བྱས་པ་དེ་ནི། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཨུ་རུ་སུའི་ཐོག་བཙན་འཛུལ་དཔུང་འཇུག་བྱས་པ་ཐོག་མ་ཡིན་པ་རེད།

ཡུ་ཀེ་རེན་གྱི་དམག་སྤྱི་ཨོ་ལེཀ་ཛན་ཌར་ སིརྶ་ཀིས་རེས་གཟའ་ཕུར་བུའི་ཉིན་གསར་འགོད་པ་ཚོར་བརྗོད་དོན། རེས་གཟའ་ལྷག་པ་བར་ཡུ་ཀེ་རན་གྱི་དམག་མིས་ཨུ་རུ་སུའི་ས་ཁུལ་རྒྱ་ཁྱོན་ཀི་ལི་མི་ཌར་གྲུ་བཞི་མ་ཆིག་སྟོང་བརྒྱ་དང་ལྔ་བཅུ་ཙམ་དང་། ཉུང་མཐར་ཨུ་རུ་སུའི་གྲོང་བརྡལ་༧༤བཙན་བཟུང་བྱས་པའི་ཐོག ཉུར་མཐར་ཨུ་རུ་སུའི་དམག་མི་གང་ཙམ་འཛིན་བཟུང་བྱས་ཡོད་པའི་གསལ་བསྒྲཌ་བྱས་ཡོད་འདུག

ཡུ་ཀེ་རེན་གྱིས་སྙིང་སྟོབས་ལྡན་པའི་བདུན་ཕྲག་གཅིག་གི་དམག་འཁྲུག་དེ་མུ་མཐུད་འཕྲོ་སྐྱོང་བྱེད་ཐུབ་ཀྱི་ཡོད་མེད་གསལ་པོ་མེད་པ་དང་། གསར་འགོད་པ་ཚོས་ཡུག་རེན་གྱི་སྲུང་སྐྱོབ་བློན་ཆེན་ཟུར་པ་ཨན་ཌྲི་ལ་བཅར་འདྲི་བྱས་སྐབས་ཁོང་གིས་གསུངས་དོན་ལ་ ཡུ་ཀེ་རེན་གྱིས་ཨུ་རུ་སུའི་ས་གནས་ཀུར་ས་ལ་བཙན་འཛུལ་དཔུང་འཇུག་བྱས་པ་དེ་ནི་ཨུ་རུ་སུས་སོ་སོའི་དམག་མི་རྣམས་ཡུ་ཀེ་རེན་ཤར་ཕྱོགས་ཀྱི་ས་གནས་ཌན་བྷས་ནས་ཁ་བསྒྱུར་བྱ་རྒྱུའི་ཆེད་དུ་ཡིན་སྐོར་གསུངས་འདུག ཨུ་རུ་སུས་ཡུ་ཀེ་རེན་གྱི་ཤར་ཕྱོགས་ཌན་བྷས་ཞེས་པའི་ས་གནས་དེ་ཆ་ཚང་བཙན་བཟུང་བྱ་རྒྱུར་ས་གནས་དེར་སོ་སོའི་དམག་མི་ཁྱོན་ཆེ་འགྲེམས་འཇོག་བྱས་ཡོད། འོན་ཀྱང་ད་ལྟའི་ཆར་ཨུ་རུ་སུས་དམག་མི་རྣམས་ཡུ་ཀེ་རེན་གྱི་མངའ་སྡེ་ཌན་བྷས་ནས་ཕྱིར་འཐེན་བྱས་ཏེ་ཀུར་ས་ཕྱོགས་སུ་མངགས་གཏོང་བྱེད་ཀྱི་ཡོད་པ་མངོན་གྱི་མེད།

ཡུ་ཀེ་རེན་གྱིས་ཨུ་རུ་སུའི་ས་གནས་ཀུར་ས་ཐོག་བྱས་པའི་བཙན་འཛུལ་དཔུང་འཇུག་དེའི་སྐོར་ལ་ཨུ་རུ་སུའི་དཔོན་རིགས་ཚོས་གསར་འགོད་པ་ཚོར་གཏམ་བཤད་བྱས་སྐབས་བཙན་འཛུལ་དཔུང་འཇུག་དེའི་ནང་ཞི་བའི་མི་མང་གི་བརྟེན་གཞི་ཁག་ལ་གཏོར་རྒོལ་བྱས་འདུག་པས་ཡུ་ཀེ་རེན་གྱི་བཙན་རྒོལ་དེ་ནི་འཇིགས་བསྐུལ་རིང་ལུགས་ཀྱི་བཙན་རྒོལ་ཞིག་ཡིན་པའི་འགྲེལ་བརྗོད་བྱས་འདུག

ཡུག་རེན་གྱི་སྲིད་འཛིན་ཛེ་ལནྶ་ཀིས་རེས་གཟའ་ཕུར་བུའི་ཉིན་གསར་འགོད་པ་ཚོར་གསུངས་གསལ་ལ། ཁོང་གི་དམག་མི་ཚོས་ཨུ་རུ་སུའི་ཀུར་ས་ས་གནས་ཀྱི་གྲོང་ཁྱེར་སུད་ཛ་ཡོངས་སུ་དབང་འཛིན་བྱེད་ཐུབ་ཡོད་པ་དང་། གྲོང་ཁྱེར་དེ་ནི་ཡུ་ཀེ་རེན་གྱི་དམག་མི་ཚོས་ད་ནས་བདུན་ཕྲག་གཅིག་ལྷག་ཙམ་གོང་ཨུ་རུ་སུའི་ས་གནས་ཀུར་ས་ལ་བཙན་འཛུལ་བྱས་རྗེས་དབང་འཛིན་བྱས་པའི་གྲོང་ཁྱེར་དང་པོ་དེ་ཆགས་ཀྱི་ཡོད་པ་དང་། ཨུ་རུ་སུས་ཡུ་ཀེ་རེན་ཐོག་དམག་འཁྲུག་འགོ་མ་བཙུགས་གོང་གྲོང་ཁྱེར་དེར་མི་གྲངས་ལྔ་སྟོང་ཙམ་ལས་མེད་རུང་། གྲོང་ཁྱེར་དེ་ནི་ཀུར་ས་ས་གནས་ཀྱི་འཛིན་སྐྱོང་ལས་ཁང་ཡོད་སའི་གྲོང་ཁྱེར་དེ་ཡིན་པ་དང་། གྲོང་ཁྱེར་དེ་ནི་ཡུ་ཀེ་རེན་གྱི་དམག་མིས་བཙན་བཟུང་བྱས་པའི་ཨུ་རུ་སུའི་གྲོང་ཁྱེར་གཞན་དང་སྡུར་ན། ཆེ་ཤོས་དང་གལ་འགངས་ཆེ་ཤོས་དེ་ཡིན་འདུག ཡུག་རེན་གྱི་དམག་མིས་གྲོང་ཁྱེར་དེའི་ནང་འཛིན་སྐྱོང་ལས་ཁང་གསར་འཛུགས་བྱེད་ཀྱི་ཡོད་པས་ཡུ་ཀེ་རེན་གྱི་དམག་མི་རྣམས་ཨུ་རུ་སུའི་ཞིང་ཆེན་དེའི་ནང་གནས་སྐབས་རིང་སྡོད་རྩིས་ཡོད་པའི་མངོན་རྟགས་ཡིན་པའི་གནས་ཚུལ་ཐོན་འདུག

ཨེ་པི་གསར་ཁང་ནས་བཏུས།

གསར་འགོད་པ། ཕུན་ཚོགས་ཚེ་རིང་།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།