བཞུགས་སྒར་དུ་རྟེན་གཞི་བྱས་པའི་བདེ་ལེགས་སྨན་ཁང་གི་གོ་སྒྲིག་འོག་ཉི་ཧོང་ཨཱོ་ཀ་མིག་གི་ཆེད་ལས་སྨན་པའི་མཐུན་ཚོགས་ནས་རྒྱ་གར་གྱི་ཡུལ་མིས་གཙོས་ཁུལ་འདིར་གནས་བཞུགས་བོད་རིགས་དང་བཅས་པར་རིན་མེད་སྐྱ་སྒྲིབ་གཤག་བཅོས་ཀྱི་སྨན་སྒར་ཞིག་དེ་རིང་ཕྱི་ཟླ་ ༡༢ ཚེས་ ༢༥ ནས་ཉིན་གྲངས་གསུམ་རིང་གཉེར་བཞིན་པ་རེད་འདུག
སྐྱ་སྒྲིབ་གཤག་བཅོས་སྨན་སྒར་ཐོག་ཡུན་རིང་ཤོས་ཀྱི་ཕྱག་ལས་གནང་མཁན་ ཉི་ཧོང་གི་མིག་གི་ཆེད་ལས་སྨན་པ་ མི་ཚུ་ལགས་ཀྱིས། འདས་པའི་མི་ལོ་ཉི་ཤུ་ལྷག་རིང་རྒྱ་གར་ཡུལ་མི་དང་བོད་མི་མང་པོར་སྐྱ་སྒྲིབ་གཤག་བཅོས་གནང་བའི་ལག་ལེན་ཁྲོད་ནས་དམིགས་བསལ་གྱི་ཉམས་མྱོང་བྱུང་བ་བརྗོད་དོན།
ང་ཚོས་བོད་པ་དང་རྒྱ་གར་བའི་སྤྱི་ཚོགས་ནང་ང་རང་ཚོའི་ཆེད་ལས་ཀྱི་ཐོག་ནས་སྤྱི་ཚོགས་ཞབས་འདེགས་མི་ལོ་ཉི་ཤུ་ལྷག་བསྒྲུབ་རྒྱུ་བྱུང་ལ། མི་ལོ་དེ་དག་རིང་གི་ཉམས་མྱོང་བརྒྱུད། རྒྱའི་བཙོན་འོག་ཏུ་མི་སྤྱོད་ལས་འདས་པའི་མནར་སྤྱོད་མྱངས་མྱོང་མཁན་བོད་མི་མང་པོ་ཞིག་གི་མིག་དབང་ཉམས་ཞན་དུ་གྱུར་ཡོད་པ་མིག་མཐོང་ལག་ཟིན་བྱུང་ལ། བོད་མི་མང་པོ་ཞིག་བཙན་བྱོལ་དུ་ཡོང་བའི་ལམ་བར་གངས་རི་རིམ་པ་བརྒྱུད་ནས་ཡོང་དུས་གངས་ཕྱིད་ཀྱིས་མིག་དབང་ཉམས་པའི་ནད་པ་མང་པོ་ཞིག་འདུག་པས། ང་ཚོར་མཚོན་ན་ང་ཚོའི་ཆེད་ལས་ནང་དེ་སྔ་ནད་པ་དེ་རིགས་འཕྲད་མྱོང་མེད་སྟབས་སྨན་བཅོས་ཐད་ལ་དཀའ་ངལ་ཕྲན་བུ་བྱུང་། གཞན་ཡང་ང་ཚོ་དང་ནད་པའི་བར་གོ་བརྡ་མི་འཕྲོད་པའི་དབང་གིས་ང་ཚོའི་ཆེད་ལས་ཀྱི་ཐོག་ནས་ནུས་པ་ཚད་ལྡན་འདོན་ཐུབ་བར་ཆད་ཀྱང་གང་འཚམ་འཕྲད་བྱུང་། ཞེས་གསུངས་གནང་སོང་།
དེ་བཞིན་རིན་མེད་སྐྱ་སྒྲིབ་གཤག་བཅོས་ཀྱི་སྨན་སྒར་དང་འབྲེལ་བའི་སྐོར་ལ་བདེ་ལེགས་སྨན་ཁང་གི་འགན་འཛིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས། རྩ་བའི་བདེ་ལེགས་སྨན་ཁང་དང་ཉི་ཧོང་ཨཱོ་ཀ་མིག་གི་ཆེད་ལས་སྨན་པའི་མཐུན་ཚོགས་ཐུན་མོང་གི་རིན་མེད་སྨན་སྒར་འདི་བཞིན་བསྒྲུབས་ནས་མི་ལོ་ཉི་ཤུ་ལྷག་བརྒལ་བཞིན་ཡོད་པ་དང་། མི་ལོ་དེ་དག་གི་རིང་བོད་པ་ཙམ་མ་ཡིན་པར་གཙོ་བོ་ས་གནས་ཡུལ་མིར་ཕན་ཐོགས་རྒྱ་ཆེ་བྱུང་དང་འབྱུང་བཞིན་པ་ཡོད་པ། དཔེར་ན། ས་གནས་ཀྱི་སྨན་ཁང་ཁག་ཏུ་སྐྱ་སྒྲིག་གཤག་བཅོས་གཏོང་བར་མ་མཐར་ཡང་ཧིན་སྒོར་ཁྲི་ཁ་ཤས་སྤྲོད་དགོས་ཡོད་སྟབས། ནད་པ་སྟོང་ཕྲག་ལྷག་ལ་རིན་མེད་སྐྱ་སྒྲིབ་གཤག་བཅོས་ཕུལ་ཐུབ་པ་འདིས་ཕན་ཐོགས་གང་ལེགས་བསྒྲུབ་ཐུབ་ཀྱི་ཡོད་པ་སོགས་ངོ་སྤྲོད་གནང་སོང་།
གཞན་ཡང་སྐྱ་སྒྲིབ་གཤག་བཅོས་ཀྱི་སྨན་སྒར་ཐད་ལ་གཞོགས་འདེགས་གནང་མཁན་རྡ་ས་རོ་ཊེ་རི་ཚོགས་པའི་འགན་འཛིན་སྐུ་ཞབས་ ཏེ་ཇི་ སིངྒ་ ལགས་ཀྱིས་སྐྱ་སྒྲིབ་གཤག་བཅོས་ཀྱི་སྨན་སྒར་གྱིས་ཐོག་ནས་ས་གནས་ཡུལ་མིར་ཕན་ཐོགས་ཇི་བྱུང་དང་འབྲེལ་བའི་སྐོར་ལ་གསུངས་གནང་དོན། ཟུང་སྦྲེལ་ལས་གཞི་འདིའི་ཐོག་ ཉི་ཧོང་ནས་མིག་གི་ཆེད་ལས་སྨན་པའི་སྐྱ་སྒྲིབ་གཤག་བཅོས་སྨན་སྒར་འདི་མི་ལོ་༢༠ ལྷག་གི་གོང་ནས་འགོ་བརྩམས་པ་ཞིག་རེད། རིན་མེད་སྨན་སྒར་འདི་འགོ་བརྩམས་པ་ནས་བཟུང་རྡ་རམ་ས་ལ་དང་ཁུལ་འདིའི་ཉེ་འཁོར་གྲོང་གསེབ་ཁག་ནས་རྒྱ་གར་ཡུལ་མི་དང་བོད་མི་གང་ཅིར་ཕན་ཐོགས་རྒྱ་ཆེ་བྱུང་ཡོད་རེད། སོང་ཙང་ང་ཚོས་ཉི་ཧོང་ནས་ཕེབས་པའི་ཆེད་ལས་སྨན་པ་རྣམས་ལ་ཐུགས་རྗེ་ཆེ་ཞུ་ཡི་ཡོད། ཏོག་དབྱིབས་ནད་དུག་ཁྱབ་གདལ་བྱུང་བའི་རྗེས་སུ་ཁོ་རྣམ་པ་ཚོ་བསྐྱར་དུ་ཕེབས་ཐུབ་པ་བྱུང་བ་འདི་ཧ་ལས་པའི་གོ་སྐབས་བཟང་པོ་ཞིག་རེད་ལ། བདེ་ལེགས་སྨན་ཁང་གི་ངོས་ནས་ཀྱང་སྐྱ་སྒྲིབ་སྨན་སྒར་འདིའི་ཐོག་ཙམ་མ་ཡིན་པར་རྒྱ་གར་ཡུལ་མི་ཚོར་འཕྲོད་བསྟེན་ལྟ་སྐྱོང་དང་འབྲེལ་བའི་ལས་དོན་གང་ཅིའི་ཐད་ལ་ག་དུས་ཡིན་ན་ཡང་མཐུན་འགྱུར་རོགས་རམས་གནང་བཞིན་ཡོད་པ་རེད་ཅེས་གསུངས་གནང་སོང་།
དེ་དང་ཕྱོགས་མཚུངས་རིན་མེད་སྐྱ་སྒྲིབ་གཤག་བཅོས་སྨན་སྒར་ཐོག་བོད་པ་དང་རྒྱ་གར་སོགས་མི་གྲངས་གསུམ་བརྒྱ་ལྷག་བརྟག་དཔྱད་ཐོབ་ཆེད་དུ་བསླེབས་ཡོད་འདུག་པའི་ཁོངས་ནས་ས་གནས་ཡུལ་མི་ཁག་ཅིག་གིས་བསམ་ཚུལ་བརྗོད་དོན།
བྷག་སུ་ནག་ ནས་ཡིན་པའི་བགྲེས་སྲོང་ ཨཏཱ་མ་རཱམ་ ལགས་ཀྱིས། བདེ་ལེགས་སྨན་ཁང་དུ་རིན་མེད་སྐྱ་སྒྲིབ་གཤག་བཅོས་སྨན་སྒར་ཚུགས་བཞིན་ཡོད་པ་གོ་ཐོས་བྱུང་། དེ་སོང་ཙང་ང་རང་ལ་ཡང་མིག་གི་དཀའ་ངལ་ངལ་ཡོད་སྟབས་འདིར་བརྟག་དཔྱད་ཆེད་དུ་ཡོང་བ་ཡིན། གཞན་ཡུལ་མི་བགྲེས་སྲོང་ དྷུ་ཏ་ དྷེ་ཝའི་ ལགས་ཀྱིས་བརྗོད་དོན། ངའི་མིག་གཉིས་ཀས་མཐོང་ཐུབ་ཀྱི་མི་འདུག སོང་ཙང་ད་ལྟ་འདི་ལ་ཕྱི་རྒྱལ་གྱི་ཆེད་ལས་སྨན་པ་བསླེབས་ཡོད་སྟབས་གོ་སྐབས་འདི་དམ་འཛིན་བྱས་ནས་བརྟག་དཔྱད་དུ་ཡོང་བ་ཡིན། ཕྱི་ལོགས་ལ་བརྟག་དཔྱད་བྱེད་དགོས་བྱུང་ན་སྨན་རིན་མཐོ་པོ་རེད་བཞག འདི་ལ་རིན་མེད་ཡིན་དུས་འདི་ལ་ཡོང་བ་ཡིན་ཞེས་སོགས་གསུངས་གནང་སོང་།
གཞི་རྩའི་བདེ་ལེགས་སྨན་ཁང་དང་་ཉི་ཧོང་ཨཱོ་ཀ་མིག་གི་ཆེད་ལས་སྨན་པའི་མཐུན་ཚོགས་གཉིས་མཉམ་སྦྲེལ་གྱིས་རིན་མེད་སྐྱ་སྒྲིབ་གཤག་བཅོས་སྨན་སྒར་དེ་བཞིན་ཐོག་མ་ཕྱི་ལོ་ ༢༠༠༠ ལོར་འགོ་འཛུགས་ཀྱིས་ད་བར་ཁྱོན་མིག་དབང་བརྟག་དཔྱད་བྱས་པ་ ༡༡༠༠༠ ལྷག་བྱུང་ཡོད་ཅིང་། དེའི་ཁྲོད་ནས་སྐྱ་སྒྲིབ་གཤག་བཅོས་གནང་བ་ཁྱོན་ ༡༡༨༧ བྱུང་བ་ནས་རྒྱ་གར་ཡུལ་མི་ ༩༠༢ དང་། བོད་མི་ ༢༨༣ ལ་རིན་མེད་སྐྱ་སྒྲིབ་གཤག་བཅོས་གནང་ཡོད་པ་རེད་འདུག་ལ། འདི་ལོའི་ཁྱོན་ཡོངས་ཀྱི་བརྟག་དཔྱད་མི་གྲངས་སུམ་བརྒྱད་ལྷག་ལ་གནང་ཡོད་ཅིང་དང་། སྐྱ་སྒྲིབ་གཤག་བཅོས་ཀྱི་གྲངས་ད་ལྟའི་ཆར་ལག་སོན་བྱུང་མེད། །
Your browser doesn’t support HTML5