རྒྱ་ནག་གི་བཟོ་བཀོད་པ་ལྔ་པ་ཀི་སི་ཐན་གྱི་ས་ཐོག་ཏུ་བསད།

རྒྱ་ནག་གི་བཟོ་བཀོད་པ་ལྔའི་རླངས་འཁོར་ལ་རྡུང་ཁ་བརྒྱབ་སྟེ་པ་ཀི་སི་ཐན་གྱི་ཁ་ལོ་བ་དེ་ཚུད་པའི་མི་༦་བསད།

༄༅།། པ་ཀི་སི་ཐན་གྱི་ནུབ་བྱང་ཁུལ་དུ་རྒྱ་ནག་གི་བཟོ་བཀོད་པ་ཚོས་ཆུ་མཛོད་ཆེན་པོ་ཞིག་འཛུགས་སྐྲུན་བྱེད་ཀྱི་ཡོད་ཅིང་། ཁ་སང་གཟའ་མིག་དམར་ཉིན་རང་སྲོག་བློས་གཏོང་བ་ཞིག་གི་རླངས་འཁོར་ནང་དུ་འབར་རྫས་སྦས་ནས་རྒྱ་ནག་གི་བཟོ་བཀོད་པ་ལྔའི་རླངས་འཁོར་ལ་རྡུང་ཁ་བརྒྱབ་སྟེ་པ་ཀི་སི་ཐན་གྱི་ཁ་ལོ་བ་དེ་ཚུད་པའི་མི་༦་བསད། ཕྱི་ཟླ་༣་པའི་ཚེས་༢༦་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་རྒྱ་ནག་གིས་བཀོལ་སྤྱོད་བྱེད་བཞིན་པའི་པ་ཀི་སི་ཐན་གྱི་མཚོ་དམག་གི་རྟེན་གཞི་ཞིག་ལའང་གཏོར་རྒོལ་ཐེངས་༢་བྱུང་། འདི་ནི་དུས་ཡུན་བདུན་ཕྲག་༡་གི་ནང་དུ་པ་ཀི་སི་ཐན་གྱི་ས་ཐོག་ཏུ་རྒྱ་ནག་པ་དང་རྒྱ་ནག་གི་ལས་གྲྭ་ཁག་ལ་རྒོལ་རྡུང་བྱས་པ་ཐེངས་༣་པ་ཡིན་འདུག རྒྱ་ནག་གིས་པ་ཀི་སི་ཐན་གྱི་ལྷོ་ནུབ་ཏུ་ཆགས་པའི་བྷ་ལུ་ཆི་སི་ཐན་ཞིང་ཆེན་དུ་ཨ་སྒོར་ཐེར་འབུམ་མང་པོ་མ་རྩ་བཙུགས་ནས་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན་གྱི་ལས་གཞི་གཉེར།།

པ་ཀི་སི་ཐན་གྱི་ཀེ་བྷར་པག་ཏུན་ཁ་ཝ་ཞིང་ཆེན་གྱི་ཉེན་རྟོག་པའི་འགོ་ཁྲིད་མྷོ་མེ་དཱ་ཨ་ལི་གྷན་དཱ་པུར་གྱིས་བཤད་པ་ལྟར་ན། རྒྱ་ནག་གི་བཟོ་བཀོད་པ་༥་དང་དེ་དག་གི་རླངས་འཁོར་ཁ་ལོ་བ་བཅས་མི་༦་རྒྱལ་ས་ཨི་སི་ལཱ་མ་བྷ་དཱ་ནས་ཆུ་མཛོད་འཛུགས་སྐྲུན་བྱ་ཡུལ་དུ་བསྐྱོད། ཁོ་ཚོའི་རླངས་འཁོར་ལ་རང་སྲོག་བློས་གཏོང་བ་ཞིག་གི་རླངས་འཁོར་གྱིས་རྡུང་ཁ་བརྒྱབ་སྟེ་མི་ཚང་མ་བསད་འདུག་ཅེས་བཀྲལ། ༢༠༢༡་ལོར་ཡང་ཆུ་མཛོད་འཛུགས་སྐྲུན་བྱ་ཡུལ་དེར་གཏོར་རྒོལ་བྱས་ནས་རྒྱ་ནག་པ་༩་ཚུད་པའི་མི་༡༣་བསད། རྒྱ་ནག་གིས་པ་ཀི་སི་ཐན་གྱི་ས་གནས་ཁག་ཏུ་ཨ་སྒོར་དུང་ཕྱུར་༦༥༠་ཐམ་པ་མ་རྩ་བཙུགས་ནས་རྒྱ་ནག་དང་པ་ཀི་སི་ཐན་གྱི་དཔལ་འབྱོར་ཤུར་ལམ་མམ། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ཆ་ཤས་སུ་གཏོགས་པའི་འཛུགས་སྐྲུན་ལས་གཞི་སྣ་མང་ཞིག་གཉེར་གྱི་ཡོད་པ་དེ་དག་རྒོལ་རྡུང་གི་དམིགས་འབེན་དུ་གྱུར།།

སྨན་ཁང་ཞིག་ནས་རྒྱ་མིའི་མི་སྣའི་པུར་སྒམ་དབོར་འདྲེན་བྱེད་པ།

༢༠༢༡་ལོར་རྒྱ་ནག་གི་བཟོ་བཀོད་པ་ཚོར་གཏོར་རྒོལ་བྱས་པའི་ལན་ཁག་ངོས་ལེན་བྱེད་མཁན་བྱུང་མེད་པ་ལྟར་ཁ་སང་གི་རྒོལ་རྡུང་ལའང་ལན་ཁག་ངོས་ལེན་བྱེད་མཁན་མ་བྱུང་། པ་ཀི་སི་ཐན་གཞུང་གིས་རང་སྲོག་བློས་གཏོང་བ་དེའི་རྒྱུད་རྫས་(DNA)་ལ་བརྟག་དཔྱད་བྱས་ནས་མི་དེ་སུ་ཡིན་ངོ་ཐག་གཅོད་རྒྱུའི་ཐག་བཅད། རྒྱ་ནག་གཞུང་ཚབ་ཁང་གིས་པ་ཀི་སི་ཐན་གྱི་ཉེན་རྟོག་པས་རྒོལ་རྡུང་དེར་ཞིབ་འཇུག་ནན་པོ་བྱ་དགོས། ཉེས་ཅན་ཚོར་ཁྲིམས་གཅོད་དྲག་པོ་བྱ་དགོས་པ་དང་རྒྱ་ནག་གི་སྤྱི་དམངས་ལ་སྲུང་སྐྱོབ་བྱ་དགོས་ཞེས་དགོས་འདུན་བཏོན། ད་དུང་རྒྱ་ནག་གཞུང་ཚབ་ཁང་གིས་པ་ཀི་སི་ཐན་ལ་མཉམ་འབྲེལ་བྱས་ནས་རྒྱ་ནག་གི་ལས་མིའི་བདེ་འཇགས་དང་ལས་གཞི་ཁག པ་ཀི་སི་ཐན་དུ་ཡོད་པའི་རྒྱ་ནག་གི་ལས་ཁུངས་ཁག་ལ་སྲུང་སྐྱོབ་གང་ཐུབ་བྱ་རྒྱུ་ཡིན་ཞེས་བསྒྲགས། དེ་རིང་གཟའ་ལྷག་པའི་ཉིན་རྒྱ་ནག་གཞུང་ཚབ་ཁང་གིས་པ་ཀི་སི་ཐན་དུ་གནས་འཁོད་རྒྱ་ནག་གི་སྤྱི་དམངས་ཚོས་རང་གི་བདེ་འཇགས་ལ་ཡིད་གཟབ་བྱོས། མི་ཚོགས་ཆེ་ས་དང་ཉེན་ཁ་ཡོད་ས་ཁག་ཏུ་མ་སོང་ན་ལེགས་ཞེས་བརྡ་ཐོ་བཀྲམ།།

པ་ཀི་སི་ཐན་གྱི་དམག་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེར་འཁོད་པ་ལྟར་ན། རྒྱ་ནག་གི་ལས་གཞི་དེ་རྣམས་པ་ཀི་སི་ཐན་གྱི་དམག་དོན་དང་དཔལ་འབྱོར་འཕེལ་རྒྱས་ལ་གནད་འགག་ཆེན་པོ་ཡིན། དྲག་སྤྱོད་པ་ཚོས་གཏོར་རྒོལ་བྱས་ནས་ལས་གཞི་རྣམས་ལམ་ལྷོངས་མི་ཡོང་བ་དང་དབྱེན་སྦྱོར། རྒྱ་ནག་དང་པ་ལི་སི་ཐན་གྱི་མཛའ་འབྲེལ་ལ་གཏོར་བརླག་བྱེད་ཀྱི་ཡོད་པ་རེད། བདུན་ཕྲག་གཅིག་གི་ནང་དུ་པ་ཀི་སི་ཐན་གྱི་ས་ཐོག་ཏུ་རྒྱ་ནག་གི་ལས་གཞི་ཁག་ལ་གཏོར་རྒོལ་ཐེངས་༣་བྱུང་བ་ནི་རྒྱལ་ནང་གི་ཞི་བདེ་བརྟན་ལྷིང་མེད་པར་གཏོང་རྒྱུའི་དམིགས་ཡུལ་རེད། ཕྱི་ལོགས་ནས་ཐེ་ཇུས་བྱས་ཏེ་པ་ཀི་སི་ཐན་གྱི་རྒྱལ་ནང་དུ་ཟིང་འཁྲུག་སློང་གི་ཡོད་པ་རེད་ཅེས་ནག་ཉེས་བཙུགས། པ་ཀི་སི་ཐན་གྱི་ཕྱི་སྲིད་བློན་ཆེན་ཨི་ཤཱག་དྷར་གྱིས་གཏོར་རྒོལ་དེར་ཁ་རྡུང་དྲག་པོ་བཏང་འདུག

པ་ཀི་སི་ཐན་གྱི་ཕྱི་སྲིད་བློན་ཆེན་ཨི་ཤཱག་དྷར་

ཕྱི་ཟླ་༣་པའི་ཚེས་༢༧་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༢༡་ལོར་ཨ་མི་རི་ཀ་དང་ནུབ་ཆིངས་ཀྱི་དམག་དཔུང་ཨབ་གྷ་ཎི་སི་ཐན་ནས་ཕྱིར་འཐེན་བྱས་ནས་བཟུང་། པ་ཀི་སི་ཐན་གྱི་ས་གནས་ཁག་ཏུ་འཇིགས་སྐུལ་རིང་ལུགས་པ་དང་དྲག་སྤྱོད་པ་ཚོས་ཟིང་འཁྲུག་བསླངས། པ་ཀི་སི་ཐན་གྱི་ཏ་ལི་བྷན་དྲག་སྤྱོད་ཤོག་ཁག་གིས་རྟག་ཏུ་གཏོར་རྒོལ་བྱེད་ཀྱི་ཡོད་ཀྱང་གཟའ་མིག་གྱི་རྒོལ་རྡུང་དེར་འབྲེལ་བ་མེད་ཅེས་དག་འབུད་བྱས། བྷ་ལུ་ཆི་སི་ཐན་བཅིངས་འགྲོལ་དམག་དཔུང་ཞེས་པ་ནི་པ་ཀི་སི་ཐན་གྱི་ཁ་བྲལ་རིང་ལུགས་པའི་ཤོག་ཁག་ཆེ་ཤོས་དེ་ཡིན་པར་མ་ཟད། ཁོ་ཚོས་རྒྱ་ནག་གིས་འགྲོ་གྲོན་བཏང་སྟེ་འཛུགས་སྐྲུན་བྱས་པའི་གྷོ་ཝ་དྷར་གྲུ་ཁའི་པ་ཀི་སི་ཐན་གྱི་མཚོ་དམག་གི་རྟེན་གཞི་དང་གཞུང་གི་ལས་ཁུངས་ཁག་ལ་གཏོར་རྒོལ་བྱས་པ་ཡིན་ཞེས་ཁས་བླངས། པ་ཀི་སི་ཐན་གྱི་ས་གནས་ཁག་ཏུ་རྒྱ་ནག་གི་ལས་གྲྭ་ཁག་ལ་མི་དགའ་བའི་སྡང་ཟུག་ཆེ་རུ་སོང་།།

རྒྱ་ནག་གིས་པ་ཀི་སི་ཐན་ལ་མེ་འཁོར་ལྕགས་ལམ་དང་རྒྱ་ལམ། གྲུ་ཁ་དང་ལྕགས་སྦུག་འཛུགས་འཐེན་དང་གློག་ཁང་འཛུགས་སྐྲུན་བྱེད་ཀྱི་ཡོད་ཀྱང་ས་གནས་མང་ཚོགས་ལ་ཁེ་ཕན་མ་ཐོབ། རྒྱ་ནག་གི་བཟོ་ཚོང་ལས་ཁུངས་ཁག་གིས་པ་ཀི་སི་ཐན་གྱི་རང་བྱུང་གཏེར་ཁ་རྣམས་བསྔོགས། ༢༠༡༨་ལོའི་ཕྱི་ཟླ་༡༡་ནང་བྷ་ལུ་ཆི་སི་ཐན་བཅིངས་འགྲོལ་དམག་གིས་ཀ་ར་ཆི་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་གི་དོན་གཅོད་ཁང་ལ་གཏོར་རྒོལ་བྱས་ནས་མི་༤་བསད། དེ་ནས་ལོ་ཕྱེད་ཀའི་རྗེས་སུ་ཁ་བྲལ་རིང་ལུགས་པ་ཚོས་རྒྱ་ནག་པ་ཚོ་རྟག་ཏུ་གནས་སྡོད་བྱ་ཡུལ་གྷོ་ཝ་དྷར་གྲུ་ཁའི་རྒྱས་སྤྲོས་ཅན་གྱི་མགྲོན་ཁང་ཞིག་ལ་རྒོལ་རྡུང་བྱས་པའི་གནས་ཚུལ་ཐོན། ༢༠༢༠་ལོའི་ཕྱི་ཟླ་༦་པའི་ནང་བྷ་ལུ་ཆི་སི་ཐན་བཅིངས་འགྲོལ་དམག་གིས་པ་ཀི་སི་ཐན་གྱི་མ་རྐང་ཁྲོམ་རར་གཏོར་རྒོལ་བྱས་པ་དང་མ་རྐང་ཁྲོམ་རའི་མ་རྩ་བརྒྱ་ཆ་༤༠་ཐམ་པ་རྒྱ་ནག་གི་བཟོ་ཚོང་ལས་ཁུངས་ཁག་གིས་བཙུགས་འདུག་ཟེར། ན་ནིང་ཕྱི་ཟླ་༨་པའི་ནང་རྒྱ་ནག་གི་བཟོ་བཀོད་པ་ཚོར་སྲུང་སྐྱོབ་བྱེད་མཁན་པ་ཀི་སི་ཐན་གྱི་དམག་མིའི་རུ་ཁག་ཅིག་ལ་བྷ་ལུ་ཆི་སི་ཐན་བཅིངས་འགྲོལ་དམག་གིས་རྒོལ་རྡུས་བྱས་འདུག

པ་ཀི་སི་ཐན་གྱི་སྲིད་བློན་ཤཱེ་བྷ་ཛི་ཤཱ་རིབ་དང་པ་ཀི་སི་ཐན་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་ཅང་ཙེ་ཏུང་

ཕྱི་ཟླ་༣་པའི་ཚེས་༢༧་ཉིན་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། གཟའ་ལྷག་པའི་ཉིན་པ་ཀི་སི་ཐན་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་ཅང་ཙེ་ཏུང་རྒོལ་རྡུང་ཕོག་ཡུལ་དེར་ལྟ་ཞིབ་ཏུ་བསྐྱོད་ནས་ལས་མི་ཚོར་སེམས་གསོ་དང་རྨས་སྐྱོན་ཕོག་པ་ཚོར་ལྟ་སྐྱོང་། ལས་གྲྭ་དེའི་འགོ་ཁྲིད་ཚོར་བདེ་འཇགས་སྲུང་སྐྱོབ་ཚགས་ཚུད་དང་དོན་དངོས་ལ་མཐུན་པ། འཐུས་ཤོར་མེད་པ་ཞིག་བྱ་དགོས། ལས་མི་ཚོའི་སེམས་ཁམས་འཁྲུགས་ཡོད་པར་སྨན་བཅོས་དང་བདེ་འཇགས་སྲུང་སྐྱོབ་ཡར་རྒྱས་གཏོང་དགོས་ཞེས་བཀོད་མངགས་བྱས་ཤིང་། པ་ཀི་སི་ཐན་གྱི་སྲིད་བློན་ཤཱེ་བྷ་ཛི་ཤཱ་རིབ་རྒྱ་ནག་གཞུང་ཁང་ལ་སེམས་གསོ་བྱེད་དུ་བསླེབས་པ་དང་རྒོལ་རྡུང་དེར་རྩད་གཅོད་འཕྲལ་དུ་བྱས་ནས་ཉེས་ཅན་ཚོ་ཁྲིམས་ལ་སྦྱོར་རྒྱུ་ཡིན། ང་ཚོས་མི་ངན་དེ་ཚོར་རྒྱ་ནག་དང་པ་ཀི་སི་ཐན་གྱི་མཛའ་འབྲེལ་ལ་གཏོར་བརླག་བྱེད་དུ་འཇུག་རྒྱུ་མིན་ཞེས་དམ་བཅའ་བཞག ཟླ་བ་རྗེས་མར་སྲིད་བློན་ཤཱེ་བྷ་ཛི་ཤཱ་རིབ་རྒྱ་ནག་ལ་འཚམས་འདྲིར་བསྐྱོད་འཆར་ཡོད་པའི་གནས་ཚུལ་ཐོན་འདུག

སིངྒ་པུར་གྱི་ར་ཇ་ར་ཏ་ནམ་རྒྱལ་སྤྱིའི་ཞིབ་འཇུག་སློབ་གླིང་གི་ཟུང་འབྲེལ་ཉམས་ཞིབ་པ་ཨབ་དྷུལ་བྷ་སི་ཏས་

རྒྱ་ནག་གི་ལན་ཀྲུག་སློབ་གྲྭ་ཆེན་མོའི་སྲིད་དོན་དང་རྒྱལ་སྤྱིའི་འབྲེལ་ལམ་རིག་པའི་སློབ་དཔོན་ཀྲུའུ་ཡུང་པིའོ་ཡིས་བཤད་པ་ལྟར་ན། ད་ཐེངས་ཀྱི་རྒོལ་རྡུང་རྗེས་སུ་རྒྱ་ནག་དང་པ་ཀི་སི་ཐན་གྱི་སྤྱི་ཡོངས་དཔལ་འབྱོར་འབྲེལ་བར་དོ་ཕོག་ཐེབས་མི་སྲིད་མོད། འོན་ཀྱང་རྒྱ་ནག་གིས་པ་ཀི་སི་ཐན་ལ་མ་རྩ་གསར་པ་འཛུགས་རྒྱུ་འགག་སྲིད། པ་ཀི་སི་ཐན་ལ་འཇིགས་སྐུལ་རིང་ལུགས་ཀྱི་རྒོལ་རྡུང་འཕོག་རྒྱུ་ཇེ་མང་དུ་འགྲོ་བཞིན་འདུག རྒྱ་ནག་གིས་པ་ཀི་སི་ཐན་ལ་མ་རྩ་ཕོན་ཆེན་བཙུགས་ཡོད་པས་ཆེད་ལས་པ་དང་ལག་རྩལ་བ་རྣམས་གཏོང་དགོས་ཀྱི་ཡོད་པ་རེད། རྒྱ་ནག་གིས་པ་ཀི་སི་ཐན་ལ་མ་རྩ་བཙུགས་ཟིན་པ་རྣམས་ཕྱིར་འཐེན་བྱེད་མི་སྲིད་ཅེས་བསྟན། དེ་བཞིན་སིངྒ་པུར་གྱི་ར་ཇ་ར་ཏ་ནམ་རྒྱལ་སྤྱིའི་ཞིབ་འཇུག་སློབ་གླིང་གི་ཟུང་འབྲེལ་ཉམས་ཞིབ་པ་ཨབ་དྷུལ་བྷ་སི་ཏས་ཀྱང་པ་ཀི་སི་ཐན་ལ་ཞི་བདེ་བརྟན་ལྷིང་མེད་པ་དེར་རྒྱ་ནག་གིས་བློ་འཚབ་བྱ་དགོས་པ་ཞིག་རེད་ཅེས་བཤད་དོ།།