ཊམ་གྱིས་ཚོང་དམག་བསླངས་ཏེ་རྒྱ་ནག་གི་དཔལ་འབྱོར་ཉམ་ཉེས་གཏོང་སྲིད་ཟེར།

ཊམ་གྱིས་ཚོང་དམག་བསླངས་ཏེ་རྒྱ་ནག་གི་དཔལ་འབྱོར་ཉམ་ཉེས་གཏོང་སྲིད་ཟེར།

༄༅།། རྒྱ་ནག་གི་དཔལ་འབྱོར་དར་རྒུད་ཀྱི་གནས་སྟངས་ཅི་ཡིན་ནི་བསྐལ་བ་བཟང་བའི་དུས་སུའང་ཤེས་དཀའ། རྒྱ་ནག་གཞུང་གིས་དཔལ་འབྱོར་ཐོན་སྐྱེད་ཀྱི་གཞི་གྲངས་ལོག་པ་ཕྱིར་བསྒྲགས་བྱེད་པའམ། ཡང་ན་སྐབས་འགར་གྱི་དཔལ་འབྱོར་ཐོན་སྐྱེད་ཀྱི་གཞི་གྲངས་ཕྱི་རུ་མ་བསྒྲགས་པར་ཉམས་ཞིབ་པ་ཚོས་ཚོད་དཔག་མི་ཐུབ་པའི་དཀའ་ངལ་རྒྱུན་དུ་འཕྲད། ཕྱི་ཟླ་༡༡་པའི་ཚེས་༢༥་ཉིན་དབྱིན་ཇིའི་དར་འཕྲིན་ཉིན་རེའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨ་རིའི་ཌར་ཊ་མོ་ཐེ་མཐོ་སློབ་ཀྱི་ཚོང་ལས་ཟུང་འབྲེལ་སློབ་དཔོན་ཌ་ཝིན་ཆོར་(Davin Chor)་དང་ཧོང་ཀོང་གི་དཔལ་འབྱོར་སློབ་གྲྭ་ཆེན་མོའི་ཟུང་འབྲེལ་སློབ་དཔོན་ལི་བིང་ཅཱིང་(Li Bingjing)་གཉིས་ཀྱིས་འཁོར་སྐར་བརྒྱུད་ནས་ཨ་རྒྱའི་ཚོང་དམག་སྔོན་མའི་སྐབས་སུ་རྒྱ་ནག་རྒྱལ་ཡོངས་སུ་མཚན་མོར་བཟོ་གྲྭ་ཁག་གི་གློག་སྒྲོན་ཅི་ཙམ་ཉུང་དུ་ཕྱིན་ཡོད་མེད། ཌོ་ནལ་ཊམ་གྱི་ལས་དུས་གཉིས་པར་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༦༠་སྤར་ན་རྒྱ་ནག་གི་བཟོ་གྲྭ་ཅི་ཙམ་སྒོ་བརྒྱབ་སྟེ་གློག་སྒྲོན་ཟུམ་དགོས་ཐུག་རྒྱུ་ཡིན་མིན་བཅས་ལ་ཞིབ་འཇུག་བྱས་ནས་དཔྱད་རྩོམ་སྤེལ་འདུག

ཨ་རི་དང་ཧོང་ཀོང་གི་དཔལ་འབྱོར་རིག་པའི་སློབ་དཔོན་དེ་དག་གིས་༢༠༡༨་ནས་༢༠༡༩་བར་དུ་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་ཐེངས་དང་པོ་སྤར་ཏེ་རྒྱ་ནག་གི་བཟོ་ལས་ཀྱི་ལྟེ་གནས་སུ་གྱུར་པའི་ས་ཁུལ་ཞིག་ཏུ་མཚན་མོར་གློག་སྒྲོན་ཟུམ་ནས་ནག་ཐིབ་བེར་སོང་། དེ་ནི་རྒྱ་ནག་གི་བཟོ་གྲྭ་ཁག་ཏུ་མཚན་ལས་མཚམས་འཇོག་དང་བཟོ་གྲྭའི་སྡོད་ཁང་ཁག་ཏུ་བཟོ་པ་བསྡད་མེད་པའི་རྟགས་སུ་མངོན། ས་ཁུལ་དེའི་བཟོ་པ་ས་ཡ་༣་དང་ཕྱེད་ཀ་ཡས་མས་ཤིག་ལ་ལོ་རེའི་དཔལ་འབྱོར་ཡོང་འབབ་ཆད། ༢༠༡༨་ལོར་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༢༥་ལས་སྤར་མེད་ཀྱང་ལོ་རྗེས་མར་སྲིད་དབང་བཟུང་སྟེ་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༦༠་སྤར་ཚེ། རྒྱ་ནག་གི་དཔལ་འབྱོར་ཉམས་ཆག་ཆེན་པོ་འགྲོ་སྲིད། ཞིས་ཅིན་ཕིང་གིས་དཔལ་འབྱོར་སླར་གསོ་བྱ་ཐབས་བྱེད་བཞིན་པ་རྦད་དེ་འཁྲུག་སྲིད་ཅེས་སྔོན་བརྡ་བཏང་འདུག

ཨ་རིའི་གྲོས་ཚོགས་འོག་མའི་ཕྲལ་སེལ་ཚོགས་ཆུང་གི་རྒྱ་ནག་ལས་དོན་ཚན་པའི་ཚོགས་གཙོ་ཇཱོན་མུ་ལེ་ནཱར་

ཨ་རིའི་གྲོས་ཚོགས་འོག་མའི་ཕྲལ་སེལ་ཚོགས་ཆུང་གི་རྒྱ་ནག་ལས་དོན་ཚན་པའི་ཚོགས་གཙོ་ཇཱོན་མུ་ལེ་ནཱར་(John Moolenaar)་གྱིས་ཨ་མི་རི་ཀས་རྒྱ་ནག་ལ་དམིགས་བསལ་ཁྲལ་ཆག་ཚོང་ལས་ཀྱི་གནས་བབ་ཅིག་སྤྲད་ཡོད་པ་ཕྱིར་བསྡུ་དང་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༡༠༠་འགེལ་མི་སྲིད་པའི་ངེས་པ་མེད་ཅེས་སྡིགས་ར་བསྐུལ། རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༦༠་དང་བརྒྱ་ཆ་༡༠༠་ཅི་ཞིག་སྤར་རུང་རྒྱལ་ཁབ་དེའི་དཔལ་འབྱོར་ལ་དོ་ཕོག་ཚབས་ཆེན་ཐེབས་རྒྱུ་ལྡོག་ཏུ་མེད། དཔལ་འབྱོར་རིག་པ་བ་ཚོས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༦༠་སྤར་ན་བཟོ་པ་ས་ཡ་མང་པོའི་ལས་ཀ་ཤོར། ཞིས་ཅིན་ཕིང་གིས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་བཟུང་ཡོད་པ་མ་གྲུབ་པར་སྤྱི་ཚོགས་ལ་ཟིང་འཁྲུག་གི་ས་བོན་གདབ་ཀྱི་རེད། སྒོ་ཁྲལ་བརྒྱ་ཆ་༢༥་ཆེན་པོ་ཡིན་རུང་རྒྱ་ནག་གིས་ཁུར་ཐུབ་ཡོད་མོད། ད་ལྟ་སྒོ་ཁྲལ་བརྒྱ་ཆ་༦༠་སྤར་ན་རྒྱ་ནག་གིས་འཁུར་མི་ཐུབ་པ་དང་མི་ཁག་ཅིག་ལ་བརྡབ་གསིག་ཆེན་པོ་འཕོག་ངེས་རེད་ཅེས་བསྟན།།

ཨ་རི་ནི་རྒྱ་ནག་གི་ཚོང་གྲོགས་རྒྱལ་ཁབ་ཨང་དང་པོ་དང་སྔ་ལོ་རྒྱ་ནག་གིས་ཨ་མི་རི་ཀར་ཨ་སྒོར་ཐེར་འབུམ་༤༢༧་ཀྱི་དངོས་ཟོག་བཙོངས། དེ་ནི་རྒྱ་ནག་གི་ཕྱིར་ཚོང་བརྒྱ་ཆ་༡༥་ཟིན་པ་དང་རྒྱ་ནག་གི་རྒྱལ་ནང་ཐོན་སྐྱེད་རྩ་འབོར་གྱི་བརྒྱ་ཆ་༣་ཟིན། རྒྱ་ནག་གིས་ཨ་མི་རི་ཀར་ཕྱིར་ཚོང་བྱེད་ཀྱི་ཡོད་པའི་དངོས་ཟོག་མང་ཆེ་བ་འཕྲུལ་ཆས་དང་གློག་ཆས། གྱོན་གོས་དང་ནང་ཆས་སོགས་ཉེར་མཁོའི་དངོས་ཟོག་རྣམས་ཡིན་ཞིང་། ཌོ་ནལ་ཊམ་གྱིས་ཅི་ཙམ་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ན་དེ་ཙམ་གྱིས་ཨ་རིའི་ཁྲོམ་རའི་ནང་དུ་རྒྱ་ནག་གི་དངོས་ཟོག་ཉོ་མཁན་ཉུང་དུ་འགྲོ་རྒྱུ་གདོན་མི་ཟ། དེར་བརྟེན་ཨ་རིའི་ཁྲོམ་རར་བརྟེན་ཡོད་པའི་བཟོ་ཚོང་ལས་ཁུངས་ཁག་གིས་རང་གི་ཐོན་སྐྱེད་དེ་རྣམས་བཙོང་ས་མ་རྙེད། ཨ་རིའི་ཁྲོམ་རའི་ཚབ་ཏུ་ཚོང་ར་གཞན་པ་བཙལ་རྒྱུའང་སྟབས་བདེ་མེད། རྒྱ་ནག་གི་ཚོང་ལས་ཆུང་ཁག་མང་པོ་སྒོ་བརྒྱབ་སྟེ་ལས་མེད་པ་ས་ཡ་༥་ལྷག་འབྱུང་སྲིད་པའི་གསར་འགྱུར་ཐོན་འདུག

ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུའི་དམ་བཅའ་བཞག་ནས་བཟུང་སྟེ་བཟོ་གྲྭ་མང་པོ་རྒྱ་གར་དང་ཝི་ཏེ་ནམ། མ་ལེ་ཤི་ཡ་དང་ཐེ་ལན་ཌི། མེཀ་སི་ཀོ་དང་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ཏུ་སྤོར། ཕྱི་ཟླ་༡༡་པའི་ཚེས་༡༨་ཧྥོར་ཅུན་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ༢༠༢༢་ལོར་རྒྱ་ནག་གི་ས་ཐོག་ཏུ་ཕྱི་རྒྱལ་བ་ཚོས་བཙུགས་པའི་བཟོ་གྲྭ་བརྒྱ་ཆ་༥༥་ས་གནས་གཞན་དུ་སྤོར། ༢༠༢༤་ལོར་རྒྱ་ནག་ནས་ཕྱི་ལ་སྤོར་མཁན་བཟོ་གྲྭའི་གྲངས་འབོར་དེ་བརྒྱ་ཆ་༦༩་བརྒལ། ཕྱི་རྒྱལ་གྱི་བཟོ་གྲྭ་བརྒྱ་ཆ་༣༩་རྒྱ་གར་སོགས་སུ་སྤོར་གྱི་ཡོད་པ་དང་བཟོ་གྲྭ་བརྒྱ་ཆ་༡༦་ཨ་རི་དང་ཁེ་ན་ཌར་སྤོར། བཟོ་གྲྭ་བརྒྱ་ཆ་༡༡་ལྷོ་ཤར་ཨེ་ཤི་ཡ་དང་བཟོ་གྲྭ་བརྒྱ་ཆ་༡༠་ཡུ་རོབ་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག བཟོ་གྲྭ་བརྒྱ་ཆ་༨་ལཱ་ཊིན་ཨ་མི་རི་ཀའི་རྒྱལ་ཁབ་ཏུ་སྤོར། གོང་གི་ས་གནས་ཁག་ལྔ་ནི་རྒྱ་ནག་ནས་ཕྱིར་འཐེན་བྱས་པའི་ཕྱི་རྒྱལ་གྱི་བཟོ་གྲྭ་ཁག་སྤོར་ཡུལ་གཙོ་བོར་གྱུར།།

ད་ལོའི་ཕྱི་ཟླ་༧་ནང་ཞིབ་འཇུག་བྱས་པའི་གྲུབ་འབྲས་ལྟར་ན། ༢༠༢༢་ལོར་བཟོ་ཚོང་ལས་ཁུངས་ཁག་གིས་རང་གི་དངོས་ཟོག་བཟོ་ས་དང་བཙོང་ཡུལ་གཉིས་ཐག་ཉེ་ཞིག་ཏུ་དགོས་ཀྱི་འདུག་ཅེས་འཆར་འགོད་བྱེད་མཁན་བརྒྱ་ཆ་༦༣་བྱུང་ཡོད་ཅིང་། ༢༠༢༤་ལོར་དངོས་ཟོག་བཟོ་ས་དང་བཙོང་ཡུལ་གཉིས་ཐག་ཉེ་ཞིག་ཏུ་དགོས་ཀྱི་འདུག་ཅེས་འཆར་འགོད་བྱེད་མཁན་བརྒྱ་ཆ་༨༡་ལ་འཕར། རྒྱ་ནག་གི་ས་གནས་ཁག་ཏུ་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་ཁག་གི་བཟོ་གྲྭ་བཙུགས་ཡོད་པའི་བརྒྱ་ཆ་༣༩་ཨ་རིའི་བཟོ་གྲྭ་ཡིན་ཞིང་། ཕྱི་རྒྱལ་གྱི་བཟོ་གྲྭ་ཁག་རྒྱ་ནག་ནས་ཕྱིར་འཐེན་བྱེད་ཀྱི་ཡོད་པའི་རྒྱུ་མཚན་གཙོ་བོ་ཞིག་ས་ཁམས་ཆབ་སྲིད་ཀྱི་འཐབ་རྩོད་དང་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར། ཇཱོ་བྷ་ཌན་གྱིས་སྒོ་ཁྲལ་རྒྱུན་འཁྱོངས་དང་རྒྱ་ནག་ལ་ཕྱེད་ཁྲིད་དངོས་རྫས་སོགས་འཕྲུལ་རིག་ལག་རྩལ་ཕྱིར་ཚོང་བྱེད་མི་ཆོག་ཅེས་བཀག་རྒྱ་བསྡམས། དེ་བཞིན་པྲོག་དབྱིབས་ནད་ཡམས་དུས་སུ་འཛམ་གླིང་ཡོངས་ཀྱི་དངོས་ཟོག་རྣམས་རྒྱ་ནག་གཅིག་པུར་བཟོ་བཞིན་པ་ནི་ཉེན་ཁ་ཆེན་པོ་ཡིན་པ་ར་འཕྲོད་པ་བཅས་ཀྱི་རེད་ཅེས་འཁོད།།

ཕྱི་ཟླ་༡༡་པའི་ཚེས་༦་ཉིན་ཚོང་ལས་ནང་ཚགས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༢༤་ལོའི་དུས་ཚན་བཞི་པར་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་ཁག་གིས་རྒྱ་ནག་ལ་མ་རྩ་འཛུགས་རྒྱུ་ཨ་སྒོར་ཐེར་འབུམ་༡༡.༨་ཉུང་དུ་ཕྱིན་འདུག དེ་ནི་འདས་པའི་ལོ་༢༥་རིང་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་ཁག་གིས་རྒྱ་ནག་ལ་མ་རྩ་འཛུགས་རྒྱུ་ཉུང་དུ་ཕྱིན་པ་ཐེངས་དང་པོ་རེད་ཅེས་གཞི་གྲངས་བཏོན། རྒྱ་ནག་གཞུང་གིས་གསང་ཉུང་བཀག་སྡོམ་གྱི་བཅའ་ཁྲིམས་ཤིག་གཏན་ལ་ཕབ། ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་ལ་དམ་དྲག་བྱས་ནས་ཨ་རི་དང་རྒྱ་ནག་གི་བར་དུ་འགལ་ཟླ་ལངས། ཁ་སྔོན་ཕྱི་ཟླ་༨་པའི་ནང་སྲིད་འཛིན་བྷ་ཌན་གྱིས་ཨ་རིའི་བཅོས་རིག་དང་ཕྱེད་ཁྲིད་དངོས་རྫས་ཀྱི་བཟོ་ཚོང་ལས་ཁུངས་ཁག་གིས་རྒྱ་ནག་ལ་མ་རྩ་འཛུགས་རྒྱུ་ཚོད་འཛིན་བྱ་དགོས་ཞེས་བཀའ་ཕབ་སྟེ་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་ཁག་གིས་རྒྱ་ནག་ལ་མ་རྩ་འཛུགས་རྒྱུར་འགོག་རྐྱེན་ཕྲད།།

བྷུ་ལུམ་བྷག་གསར་ཁང་གི་དཔལ་འབྱོར་ཉམས་ཞིབ་པ་ཌང་ཁན་རི་གྷ་ལིས་(Duncan Wrigley)་བཤད་པ་ལྟར་ན། སྔོན་ཆད་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་ཁག་ལ་ཁེ་སང་ཐོབ་པ་རྣམས་བསྐྱར་དུ་རྒྱ་ནག་གི་ཁྲོམ་རའི་ནང་དུ་མ་རྩ་བཙུགས་པ་རེད། ད་ལྟ་ཁེ་སང་བྱུང་བ་རྣམས་སླར་ཡང་རྒྱ་ནག་གི་ཁྲོམ་རའི་ནང་དུ་མ་རྩ་འཛུགས་ཀྱི་མི་འདུག ཨ་རི་སོགས་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་ཁག་གིས་རང་གི་ཐོན་སྐྱེད་རྣམས་ས་གནས་གཞན་དུ་བཟོ་རྒྱུའི་ཐབས་ལམ་འཚོལ་གྱི་འདུག རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་ཁག་གིས་མ་རྩ་བཙུགས་པ་རྣམས་ཕྱི་ལ་འཁྱེར་མི་ཆོག་ཅེས་བཀག་འགོག་བྱེད་ཀྱི་ཡོད་པ་དང་རྒྱ་ནག་གི་ས་ཁང་ཚོང་ལས་མ་རྩ་བརྡིབས། སློབ་ཆེན་ཐོན་པའི་ན་གཞོན་ས་ཡ་མང་པོར་ལས་ཀ་མ་རག དམར་ཤོག་ཚོགས་པས་རྒྱ་ནག་གི་ལས་རིགས་མཐའ་དག་ལ་ཐེ་ཇུས་བྱ་རྒྱུ་ཤུགས་ཆེ་རུ་བཏང་བར་མ་ཟད། རྒྱ་ནག་གི་ཕྱུག་བདག་ཚོས་རང་གི་དངུལ་སྒོར་ཁྱེར་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གཏན་སྡོད་གཞིས་ཆགས་སུ་བསྐྱོད་དགོས་པར་གྱུར་འདུག་ཅེས་བཤད་དོ།།