རྒྱ་ནག་གི་ཚོགས་ཆེན་སྐབས་སུ་དཔལ་འབྱོར་དང་བཅིངས་འགྲོལ་དམག་གི་ཐད་ལ་ཐག་གཅོད་ཡོང་སྲིད་པའི་ཚོད་དཔག

རྒྱ་ནག་གི་ཐའེ་ཅང་གྲུ་ཁར་ཕྱིར་གཏོང་ཆེད་BYD གློག་སྒུལ་རླངས་འཁོར་གྲུ་གཟིངས་སྟེང་ལ་བླུགས་རྒྱུའི་གྲ་སྒྲིག་བྱས་ཡོད།

Your browser doesn’t support HTML5

རྒྱ་ནག་གི་ཚོགས་ཆེན་སྐབས་སུ་དཔལ་འབྱོར་དང་བཅིངས་འགྲོལ་དམག་གི་ཐད་ལ་ཐག་གཅོད་ཡོང་སྲིད་པའི་ཚོད་དཔག

པེ་ཅིང་དུ་ཚོགས་བཞིན་པའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྐབས་ཆབ་སྲིད་ཀྱི་འགྱུར་བཅོས་རིགས་གང་ཡང་ཡོང་རྒྱུའི་རྟགས་མཚན་མེད་ནའང་། རྒྱ་ནག་གི་དཔལ་འབྱོར་སླར་གསོ་བྱ་རྒྱུར་དམིགས་པའི་ལས་དོན་མང་པོ་ངོ་སྤྲོད་བྱེད་ཅེས་རྒྱ་ནག་གི་གནད་དོན་ལ་དོ་སྣང་དང་ཉམས་ཞིབ་བྱེད་མཁན་ཡོ་རོབ་ཁུལ་གྱི་མཁས་པ་ཚོས་འགྲེལ་བརྗོད་བྱས་འདུག

བྷེལ་ཇམ་གྱི་ཉམས་ཞིབ་ལྟེ་གནས་ཁང་གི་ཉམས་ཞིབ་པ་བགྲེས་པ་ཨ་ལི་ཤི་ཡ་ གྷར་ཤི་ཡ་ཧེ་རེ་རོས་གསུངས་་དོན་ལ། རྒྱ་ནག་གི་དཔལ་འབྱོར་སླར་གསོ་བྱ་རྒྱུའི་ཐབས་ལམ་ཁག་གཞི་རྒྱ་ཆེན་པོ་དང་དཔལ་འབྱོར་ལ་ལམ་གསེང་གཡོ་འགུལ་ཐེབས་པ་དེ་འདྲ་ཡོང་རྒྱུ་ལས་ལྡོག་སྟེ། སྲིད་བྱུས་གུ་ཡངས་དང་དལ་པ་དེ་འདྲ་གསལ་བསྒྲགས་བྱེད་སྲིད་པ་རེད།

ཡང་སི་པན་གྱི་དཔལ་འབྱོར་རིག་བ་ཞིག་གིས་གསུངས་དོན། ད་ལྟའི་ཆར་རྒྱ་ནག་གི་དཔལ་འབྱོར་ལ་དཀའ་ངལ་གཙོ་ཆེ་བ་བརྒྱད་འཕྲད་ཀྱི་ཡོད་པ་དང། དེ་དག་ནི་ས་ཁང་ཁྲོམ་ར་ཞན་པའི་གནས་སྟངས་དང། མི་མང་གིས་དངོས་ཟོག་ཉོ་མི་ཐུབ་པའི་དཀའ་ངལ། མི་སྣ་རྒན་གྲས་ཀྱི་གྲངས་འབོར་ཧ་ཅང་མང་བའི་དཀའ་ངལ། ཕྱིའི་མ་རྩ་འཛུགས་མཁན་ཉུང་བའི་དཀའ་ངལ། མི་མང་གི་བདེ་སྡུག་དང་ལྟ་སྐྱོང་ལ་འགྲོ་གྲོན་ཆེ་བའི་དཀའ་ངལ། རྒྱ་ནག་གི་བཟོ་ལས་ཁང་གི་ཐོན་རྫས་ལ་ཡར་རྒྱས་འགྲོ་མ་ཐུབ་པ་སོགས་ཀྱི་དཀའ་ངལ་འཐེར་འདོན་བྱས་འདུག

རྒྱ་ནག་གཞུང་གཉེར་ཤིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། གཟའ་འཁོར་འདིའི་ནང་ཚོགས་བཞིན་པའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚང་འཛོམས་ཚོགས་གྲོས་ཚོགས་ཐེངས་གསུམ་པའི་སྐབས་སུ་ཐག་གཅོད་གང་བྱུང་བ་རྣམས་རིང་མིན་གསལ་བསྒྲགས་བྱ་འཆར་ཡོད་པ་དང། ཚོགས་ཆེན་དེའི་སྐབས་མ་འོངས་པའི་ལོ་བརྒྱད་རིང་གི་སྲིད་ཇུས་ལངས་ཕྱོགས་ཀྱི་ཐད་ཐག་གཅོད་བྱ་རྒྱུའི་འཆར་གཞི་ཡོད་རེད་ཅེས་སྤེལ་འདུག

ཉམས་ཞིབ་པ་གར་ཤི་ཡ་ ཧེ་རེ་རོས་བརྗོད་དོན་ལ། ཚོགས་ཆེན་སྐབས་སུ་རྒྱ་ནག་གི་འབྱོར་འབྲིང་དང་ཡོང་ཁུངས་སྐྱོ་བའི་མི་མང་ཚོར་རོགས་སྐྱོར་འཕར་མ་མཁོ་སྤྲོད་བྱེད་སྲིད་པ་དང་འབྲེལ། མི་སྣ་རྒན་གྲས་ཀྱི་གྲངས་འབོར་མང་བའི་དཀའ་ངལ་དེ་གཞི་རིམ་ནས་སེལ་ཐབས་ཀྱི་ཐབས་ལམ། ཕྱིའི་རྒྱལ་ཁབ་ཁག་ནས་རྒྱ་ནག་ནང་མ་རྩ་མང་བ་ཡོང་རྒྱུའི་ཐག་གཅོད། ས་གནས་གཞུང་གི་དཔྱ་ཁྲལ་གྱི་ཡོང་ཁུངས་ཇེ་མང་དུ་གཏང་རྒྱུ། རྒས་ཡོལ་འགྲོ་རྒྱུའི་ལོ་ཚད་སྤར་ཆ་བྱ་རྒྱུ་སོགས་ཀྱི་ཐད་ལ་གསལ་བསྒྲགས་དང་ཐག་གཅོད་ཡོང་སྲིད་པ་རེད་ཅེས་འགྲེལ་བརྗོད་བྱས་འདུག

རྒྱ་ནག་གི་འགོ་ཁྲིད་ཚོས་དཀའ་ཚེགས་ཆེ་བའི་འདམས་ཁ་མང་པོ་ཞིག་བྱེད་དགོས་ཀྱི་ཡོད་པ་དང། རྒྱ་ནག་ནང་སྤྱི་ཚོགས་ཀྱི་ཁེ་ཕན་དེ་ཙམ་མེད་དུས་མི་མང་ཚོས་ཛ་དྲག་གི་དཀའ་ངལ་ལ་གདོང་ལེན་བྱ་རྒྱུའི་ཆེད་དངུལ་མང་ཙམ་གསོག་འཇོག་བྱེད་དགོས་གྱུར་ཡོད་པ་དང་། དེས་དངོས་ཟོག་ཉོ་ཚད་དམའ་རུ་སོང་བ། དེ་ལ་བརྟེན་ནས་སྤྱི་ཚོགས་བདེ་དོན་སོགས་ལ་གཞུང་གིས་འགྲོ་གྲོན་མང་བ་གཏོང་དགོས་ཀྱི་ཡོད། དེས་ད་ལྟ་ལོ་འཁོར་དངུལ་རྩིས་ལ་དཀའ་ངལ་ཡོད་པ་དེར་གནོད་སྐྱོན་བྱེད་ཉེན་ཡོད། ་

སྤྱི་ཚོགས་ཀྱི་བདེ་ཐབས་ཆེད་དུ་གཞུང་གི་འགྲོ་འགྲོན་ཇི་ཙམ་གཏོང་གི་ཡོད་མེད་དང། མི་མང་གིས་འགྲོ་གྲོན་གཏོང་རྒྱུའི་ཆེད་དུ་གཞུང་གིས་སྐུལ་དེད་ཇི་ཙམ་བྱེད་ཐུབ་མིན་ཐད་ལ་རྒྱ་ནག་གི་འགོ་ཁྲིད་ཚོས་ཤུགས་གནོན་ཇི་ཙམ་བྱེད་ཡོད་ལྟ་རྒྱུ་རེད།

གར་ཤི་ཡ་ ཧེ་རེ་རོས་བརྗོད་དོན་ལ། ཕུགས་རྒྱང་རིང་པོར་རྒྱ་ནག་གི་དཔལ་འབྱོར་གྱི་དཀའ་ངལ་དེ་སེལ་ཐབས་ཀྱི་ཐབས་ལམ་ནི་ས་གནས་སྲིད་གཞུང་ལ་དངུལ་རྩིས་རང་དབང་སྤྲོད་དགོས་ཀྱི་ཡོད་པ་དང། རྒྱ་ནག་ནང་ཆེས་ཐོན་གསར་གྱི་བཟོ་ལས་ཁང་གསར་འཛུགས་བྱེད་དགོས་ཀྱི་ཡོད། གནས་སྐབས་རིང་དེ་གཉིས་ཡོང་རྒྱུ་ཁག་པོ་ཆགས་ཡོད།

དེར་བརྟེན་ཚོགས་ཆེན་སྐབས་སུ་རྒྱ་ནག་གི་དངུལ་རྩིས་ལམ་ལུགས་དང། དཔྱ་ཁྲལ་བསྡུ་ཕྱོགས་ལམ་ལུགས་གཉིས་ལ་ལེགས་བཅོས་གཏོང་སྲིད་པ་དང། དེ་ཚོའི་ཁོངས་སུ་དཔྱ་ཁྲལ་བསྡུ་ཕྱོགས་མང་པོ་ཞིག་དབུས་གཞུང་ནས་ས་གནས་གཞུང་ལ་རྩིས་སྤྲོད་བྱེད་སྲིད་པའི་གནས་སྟངས་ཡོད།

རྒྱ་ནག་གི་སྲིད་འཛིན་ཤི་ཇི་ཕིང་གིས་སྤུས་ཀ་ལྡན་པའི་དངོས་ཟོག་མཁོ་འདོན་བྱེད་ཕྱོགས་དང། རྒྱ་ནག་གི་བཟོ་ལས་ཁང་ཁག་ལ་ཡར་རྒྱས་ཆེན་པོ་གཏོང་དགོས་པ་དེ་གནད་འགག་ཆེན་པོ་རེད་ཅེས་ནན་བརྗོད་བྱས་འདུག

ཡང་ཉམས་ཞིབ་པ་ཨེ་ལེཀ་ཛན་ཌར་ ཌར་ཝིས་གསུངས་དོན་ལ། འདས་པའི་ལོ་མང་པོའི་རིང་རྒྱ་ནག་གཞུང་གིས་ཡུལ་དེའི་བཟོ་ལས་ཁག་དེང་དུས་ཅན་ལ་འགྱུར་རྒྱུ་དང། ཚན་རིག་དང་འཕྲུལ་རིག་ཐད་ལ་འགྲོ་འགྲོ་ཧ་ཅང་ཆེན་པོ་བཏང་བ་དེ་མུ་མཐུད་དེ་རྒྱུན་འཁྱོངས་བྱེད་ཀྱི་རེད་ཅེས་དང། འོན་ཀྱང་རྒྱ་ནག་གཞུང་གིས་མི་མང་གི་འཕྲོད་བསྟེན་དང་ཤེས་ཡོན། དེ་བཞིན་ས་གནས་ཁག་གི་རྨང་གཞིའི་འཛུགས་སྐྲུན་དང་སྲིད་ཞུ་བའི་གླ་ཕོགས་ཇེ་མཐོར་དུ་བཏང་རྒྱུའི་ཆེད་དུ་གཞུང་འགྲོན་མང་བ་བཏང་ན། དེའི་གོང་གི་ལས་འཆར་གཞན་ཁག་གི་འགྲོ་གྲོན་ཇེ་ཉུང་དུ་འགྲོ་རྒྱུ་ཡིན་མིན་ཁ་གསལ་ཡོད་མ་རེད་ཅེས་འགྲེལ་བརྗོད་བྱས་འདུག

ཡང་གནད་དོན་དཔྱད་ཞིབ་པ་ཁ་ཤས་ཀྱིས་བཤད་དོན་ལ། བཅིངས་འགྲོལ་དམག་གི་མཐོ་རིམ་འགོ་ཁྲིད་ཁ་ཤས་ལ་ཡང་འགྱུར་བ་གཏོང་རྒྱུའི་འཆར་གཞི་ཡོད་པར་ངོས་འཛིན་བྱེད་ཀྱི་འདུག་པ་དང་། ཟླ་བ་སྔོན་མ་རྒྱ་ནག་གི་བདེ་སྲུང་བློན་ཆེན་ཝའི་པན་གུའི་དང་ལི་ཧྲང་པུ་གཉིས་དམར་ཤོག་ཚོགས་པ་དང་བཅིངས་འགྲོལ་དམག་ཁོངས་ནས་ཕྱིར་འབུད་བཏང་ཡོད་པ་རེད།

ཨི་ཌ་ལིའི་ནང་གནས་འཁོད་རྒྱ་ནག་གི་གནད་དོན་ལ་ཉམས་ཞིབ་པ་ཧྥི་རན་སེ་ཤོས་ཤད་དོན་ལ། ཐེངས་འདིའི་ཚོགས་ཆེན་སྐབས་སུ་བཅིངས་འགྲོལ་དམག་དང་རྒྱ་ནག་གི་དཔལ་འབྱོར་གཉིས་ལ་དོ་སྣང་གཙོ་བོ་སྤྲད་ཀྱི་རེད། རྒྱ་ནག་གི་དཔལ་འབྱོར་གནས་སྟངས་ཡག་པོ་མེད་པ་དང་ཆབས་ཅིག རྒྱ་ནག་གི་བདེ་སྲུང་བློན་ཆེན་གཉིས་ལས་གནས་ནས་ཕྱིར་འབུད་བྱས་པའི་རྗེས་བཅིངས་བཀྲོལ་དམག་ལ་དཀའ་ཚེགས་ཆེན་པོ་འཕྲད་བཞིན་ཡོད་རེད། བཅིངས་བཀྲོལ་དམག་རྙོག་ཟིང་ནང་ལྷུང་ཡོད་པ་དེ་ནི་ཧ་ཅང་ཉེན་འཚབ་ཆེན་པོ་རེད་ཅེས་ཁོང་གིས་ནན་བརྗོད་བྱས་ཡོད་པ་རེད།

ཨ་རི་རླུང་འཕྲིན་ཁང་གི་གསར་འགྱུར་ནས་བཏུས།

གསར་འགོད་པ། ཀུན་བཟང་རིག་འཛིན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།