བལ་ཡུལ་ནང་འབྲི་གུང་༧སྐྱབས་མགོན་ཆེ་ཚང་རིན་པ་ཆེས་ཟླ་བ་གཉིས་རིང་གི་གསུང་ཆོས་དབུ་འཛུགས།

བལ་ཡུལ་ནང་འབྲི་གུང་༧སྐྱབས་མགོན་ཆེ་ཚང་རིན་པ་ཆེས་ཟླ་བ་གཉིས་རིང་གི་གསུང་ཆོས་དབུ་འཛུགས།

Your browser doesn’t support HTML5

བལ་ཡུལ་ནང་འབྲི་གུང་༧སྐྱབས་མགོན་ཆེ་ཚང་རིན་པ་ཆེས་ཟླ་བ་གཉིས་རིང་གི་གསུང་ཆོས་དབུ་འཛུགས།

སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲི་གུང་༧སྐྱབས་མགོན་དཀོན་མཆོག་བསྟན་འཛིན་ཀུན་བཟང་འཕྲིན་ལས་ལྷུན་འགྲུབ་རིན་པོ་ཆེས་རེས་གཟའ་ཕུར་བུའི་ཉིན་སྒྲུབ་བརྒྱུད་ཤིང་རྟ་ཆེན་མོ་བརྒྱད་ཀྱི་གདམ་ངག་མཛོད་ཀྱི་གསུང་ཆོས་དབུ་འཛུགས་གནང་འདུག་པ་དང་། དེ་ཡང་ཟླ་བ་འདིའི་ཚེས་༧ཉིན་བལ་ཡུལ་རིན་ཆེན་གླིང་དགོན་པར་ཆིབས་བསྒྱུར་ཞབས་སོར་བཀོད་ཡོད་པ་རེད།

ཟླ་བ་གཉིས་ཙམ་གྱི་རིང་གསུང་ཆོས་དབུ་འཛུགས་སྐབས་བཀའ་སློབ་གནང་བའི་ནང་དེ་སྔ་ཕྱི་ལོ་༡༩༨༣་ལོའི་ཟླ་༡༢་བའི་འབྲུག་རྒྱལ་ཁབ་ཏུ་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་འཇིགས་མེད་མཁྱེན་བརྩེ་འོད་ཟེར་དཔལ་བཟང་བོ་མཆོག་གི་ཞལ་སྔ་ནས་དབང་ལུང་ཁྲིད་གསུམ་གྱི་བཀའ་ཆོས་ཟབ་མོ་ཐོབ་པ་ཇི་བཞིན་དད་པ་དམ་ཚིག་མ་ཉམས་པའི་ཐོག་ནས་ད་རེས་འདིར་བླ་སྤྲུལ་དགེ་འདུན་འདུས་བ་རྒྱ་མཚོས་རེ་སྐུལ་བཞིན་བོད་ཟླ་བརྒྱད་པའི་ཚེས་༨་ཉིན་གཟའ་སྐར་འཕྲོད་སྦྱོར་གྱི་སྐབས་དང་བསྟུན་ནས་འགོ་འཛུགས་དང་ཕྱོགས་ཕེབས་ཆོས་ཞུ་བ་ཡོངས་ལ་འཚམས་འདྲི་དང་བཅས་སྦྱིར་ཆོས་ཞུ་བའི་བླ་སློབ་གཉིས་ཀྱི་ཀུན་སློང་ཀུན་སྤྱོད་དང་སྣོད་ཀྱི་སྐྱོན་གསུམ་དྲི་མ་དྲུག་ལ་སོགས་པ་མང་པོ་ཞིག་གསུང་ཡོད་ཀྱང་། རེ་ཞིག་མང་དུ་འགྲེལ་བཤད་མ་དགོས་བར་གདམ་ངག་མཛོད་ཀྱི་དབང་ལུང་ཁྲིད་གསུམ་མགོ་འཛུགས་ཀྱི་ཡིན་སོགས་གསུང་སོང་།

ཐེངས་འདིས་གསུང་ཆོས་ལ་རྒྱ་ནག་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་དད་ལྡན་ཆོས་ཞུ་བ་མི་གྲངས་བཞི་བརྒྱ་ལྷག་དང་དམིག་གསལ་འབྲི་གུང་བཀའ་བརྒྱུད་པའི་ཆོས་རྒྱུད་འཛིན་མཁན་བོད་ནས་སླེབས་མཁན་ཀྱང་ཡོད་པ་མ་ཟད། ཧི་མ་ལའི་རི་རྒྱུད་ཀྱི་གཙོས་ས་གནས་ཡུལ་མི་བརྒྱ་ཕྲག་འགའ་ཤས་བཅར་འདུག་མ་ཟད། བལ་ཡུལ་དང་རྒྱ་གར་བཅས་སུ་ཡོད་པའི་འབྲི་གུང་བཀའ་བརྒྱུད་ཀྱི་དགེ་འདུན་པ་གཅིག་སྟོང་ཙམ་ཆེད་ཕེབས་གནང་འདུག

ཐེངས་འདིས་གསུང་ཆོས་དང་འབྲེལ་བའི་སྐོར་ལ་རིན་ཆེན་གླིང་དགོན་པའི་མཁན་པོ་དཀོན་མཆོག་ཟླ་འོད་ལགས་ཀྱིས་གསུངས་དོན་ཐེངས་འདིར་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲི་གུང་༧སྐྱབས་མགོན་ཆེ་ཚང་རིན་པོ་་ཆེའི་ཞལ་སྔ་ནས་སྒྲུབ་བརྒྱུད་ཤིང་རྟ་ཆེན་མོ་བརྒྱད་ཀྱི་གདམ་ངག་མཛོད་ཀྱི་དབང་ལུང་ཁྲིད་གསུམ་ཀྱི་བཀའ་ཆོས་ཟབ་མོ་དེ་བཞིན་དུས་ཡུན་ཟླ་ངོ་གཉིས་ལྷག་གི་རིང་ལ་འཚོགས་གི་ཡོད་པ་དང་། གདམ་ངག་མཛོད་ཀྱི་ནང་གཙོ་བོ་ཆོས་བརྒྱུད་ཆེན་མོ་ཁག་ཐོག་མར་དར་བ་ནས་བཟུང་སྟེ་རིམ་པའི་ལོ་རྒྱུས་ཆ་ཚང་ཡོད་པ་དང་དེ་ལ་ས་སྐྱ་དང་སྙིང་མ་བཀའ་བརྒྱུད་དགེ་ལུགས། ཇོ་ནང་བཅས་ཀྱི་གཞུང་ལུགས་ཀྱི་གདམ་པ་མང་པོ་ཞིག་གཅིག་ཏུ་འདུས་གི་ཡོད་སྐོར་ངོ་སྤྲོད་གནང་སོང་།

བལ་ཡུལ་ནས་གསར་འགོད་པ་ཀུན་བཟང་བསྟན་འཛིན་གྱིས་ས་གནས་སྤེལ།