བོད་ཀྱི་བླ་ན་མེད་པའི་དབ་ཁྲིད་སྤྱི་ནོར་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཧར་ཝཊ་མཐོ་སློབ་སོགས་པའི་གཙུག་ལག་སློབ་གཉེར་ཁང་གྲགས་ཅན་ཚོས་བྱམས་བརྩེ་ལྡན་པའི་ཤེས་ཡོན་གོང་འཕེལ་གཏོང་རྒྱུར་ཤུགས་མང་ཙམ་བརྒྱག་དགོས་པའི་ལམ་སྟོན་གནང་སོང་བའི་སྐོར་གྱི་གནས་ཚུལ་ཞིག་བསྟན་འཛིན་བཟང་མོས་སྙན་སྒྲོན་ཞུ་ཡི་ཡིན།
རེས་གཟའ་ཉི་མའི་ཉིན་སྤྱི་ནོར་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ཧར་ཝར་ཌི་གཙུག་ལག་སློབ་གཉེར་ཁང་གི་ཚོང་རིག་སྡེ་ཚན་གྱི་སློབ་དཔོན་ཨར་ཐར་ བྷུ་རུག་ལགས་དང་། ཧར་ཝར་ཌི་ཚོང་རིག་སློབ་གྲྭའི་འགོ་ཁྲིད་དང་བདེ་སྐྱིད་ཅེས་པའི་སློབ་ཚན་ནང་ཞུགས་མཁན་གྱི་སློབ་མ་ཚོའི་ལྷན་དུ་ བཀའ་འདྲི་བཀའ་ལན་གྱི་མཛད་རིམ་ཞིག་གནང་ནས་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་ལ་འགོ་ཁྲིད་ཇི་འདྲ་དགོས་སྐོར་དང་འབྲེལ་བའི་ཐད་བཀའ་སློབ་ལམ་སྟོན་གནང་སོང་།
དེ་ཡང་སློབ་དཔོན་ཨར་ཐར་བྷུ་རུག་ལགས་ཀྱིས་སློབ་མ་དང་དྲྭ་ཐོག་ཏུ་ལྷན་བཞུགས་གནང་མཁན་ཚོར། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མིའི་བདེ་དོན་ཆེད་སྐུ་ངལ་ཚད་མེད་བསྐྱོན་མཁན་གྱི་སྐྱེས་བུ་ཞིག་ཡིན་པ་མ་ཟད། འཛམ་གླིང་ནང་ཁོང་རང་ཉིད་གཙོས་པའི་མི་ཐེར་འབུམ་མང་པོར་སོ་སོའི་མི་ཚེའི་ནང་བདེ་སྐྱིད་ཀྱི་རྩ་བ་ངོ་སྤྲོད་གནང་མཁན་ཞིག་ལ་ངོས་འཛིན་དང་འབྲེལ། ཁོང་ཉིད་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བདེ་སྐྱིད་ལྡན་པའི་མི་ཚེ་སྐྱེལ་སྟངས་དང་། བདེ་སྐྱིད་ལྡན་པའི་འགོ་ཁྲིད་ཡོང་རྒྱུའི་ཐབས་ལམ་བཅས་པའི་ཐད་ལམ་སྟོན་བཀའ་སློབ་ཞུ་སྐབས། ༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། སྤྱིར་འཛམ་གླིང་ནང་གི་འགོ་ཁྲིད་ཡོད་དོ་ཅོག་སྤྱི་ཚོགས་ཤིག་གི་ནང་འཚར་ལོངས་དང་། སྤྱི་ཚོགས་དེའི་ཤེས་ཡོན་གྱི་སློབ་གསོའི་གཞུང་ལུགས་ལ་འགྲིམས་ནས་དབུ་ཁྲིད་ཆགས་ཤ་སྟག་ཡིན་པར་བརྟེན་རང་གཅེས་པར་འཛིན་མཁན་གྱི་ཤེས་ཡོན་སློབ་གསོའི་འོག་འཚར་ལོངས་བྱུང་བའི་འགོ་ཁྲིད་ཅིག་གིས། སོ་སོའི་རྒྱལ་ཁབ་དང་སོ་སོའི་བདེ་དོན་ཁོ་ནར་བསམ་བློ་བཏང་ན། དེ་འགོ་ཁྲིད་དེ་སྒེར་གྱི་ནོར་འཁྲུལ་མིན་པར། ཤེས་ཡོན་སློབ་གསོའི་སྒྲོམ་གཞི་སྤྱིའི་ནོར་འཁྲུལ་ཅིག་རེད་ཅེས་བཀའ་གནང་བ་དང་ཆབས་ཅིག དཀའ་ངལ་དེ་སེལ་ཆེད་ཤེས་ཡོན་གྱི་སྒྲོམ་གཞི་སྤྱིར་འགྱུར་བ་གཏོང་དགོས་པ་དང་། དེའི་ཆེད་ཧར་ཝར་ཌ་ལྟ་བུའི་གཙུག་ལག་སློབ་གཉེར་ཁང་གྲགས་ཅན་ཚོས་ཉམས་ཞིབ་བྱས་ཏེ་ཤེས་ཡོན་བལྟི་གནས་ཁང་གི་བསླབ་གཞིའི་ནང་བྱིས་པའི་དུས་ནས་སློབ་མ་ཚོར་འགྲོ་བ་མིའི་སྤྱི་ཚོགས་ནང་ཆོས་ལུགས། རྒྱལ་ཁབ། རིགས་རུས་བཅས་མི་འདྲ་བའི་ཆ་ཡོད་པ་དག་ངོ་སྤྲོད་བྱ་རྒྱུའི་ཚབ་ཏུ་མཐུན་པའི་ཆ་དང་གཅིག་འགྱུར་གྱི་འདུ་ཤེས་དང་གཅིག་འགྱུར་གྱི་བདེ་དོན་བཅས་པའི་ཐད་བསམ་བློ་གཏང་རྒྱུ་ངོ་སྤྲོད་ཐུབ་པ་བྱུང་ན། དེས་མ་འོངས་པའི་འགོ་ཁྲིད་ཙམ་མིན་པར་སྤྱི་ཚོགས་ཀྱི་ཆ་ཡོངས་ནས་བདེ་སྐྱིད་ལྡན་པ་ཞིག་ཡོང་རྒྱུ་ཡིན་སྐོར་ལམ་སྟོན་གནང་སོང་བ་མ་ཟད། ཧར་ཝ་ཌ་ལྟ་བུའི་གྲགས་ཅན་གྱི་གཙུག་ལག་སློབ་གཉེར་ཁང་ཚོས་ལྟ་གྲུབ་དེ་དག་ཐད་ཕྱག་ལེན་གནང་ན། ཤེས་ཡོན་གྱི་བལྟི་གནས་ཁང་གཞན་པ་ཚོས་ཀྱང་དེའི་རྗེས་སུ་འཇུག་ངེས་རེད་ཅེས་བཀའ་གནང་སོང་།
སློབ་དཔོན་བྷུ་རུག་ལགས་ཀྱིས། དབུ་ཁྲིད་དང་བདེ་སྐྱིད་ཅེས་པའི་སློབ་ཚན་ནང་ཞུགས་མཁན་གྱི་སློབ་མ་ཚོ་ནི། མ་འོངས་པར་ཚོང་ལས་ཁང་ཆེ་ཁག་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་སོགས་ཆགས་རྒྱུའི་ཁྱད་ཆོས་ལྡན་པའི་མི་སྣ་ཤ་སྟག་ཡིན་སྐོར་ངོ་སྤྲོད་ཞུས་སོང་་བ་དང་། ཁོང་རྣམས་པས། ༸གོང་ས་སྐྱབས་༧མགོན་ཆེན་པོ་མཆོག་གི་དྲུང་ནས་ད་ལྟའི་ནད་ཡམས་སྐབས་སུ་མིའི་སེམས་ཁམས་དང་འབྲེལ་གདོང་ལེན་ཞུ་དགོས་པའི་གནད་དོན་དང་། སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་ཕྱོགས། དེ་བཞིན་མ་འོངས་པར་འགོ་ཁྲིད་བཟང་པོ་བྱ་ཕྱོགས་བཅས་པའི་ཐད་ལམ་སྟོན་བཀའ་སློབ་ཞུས་སྐབས། ༸གོང་ས་མཆོག་གིས། སྤྱིར་དཀའ་སྡུག་གང་འདྲ་ཞིག་འཕྲད་ཀྱང་སེམས་ནང་མ་སྐྱིད་པ་ཡོང་རྒྱུའི་རྩ་བ་ཉོན་རྨོངས་པའི་བློ། ཁོང་ཁྲོ། ཞེ་ལྡང། ཁྲག་དོགས་བཅས་ཡིན་པ་དང་། དེ་དག་སེལ་བར་བྱམས་པ། སྙིང་རྗེ། གཞན་ཕན་གྱི་བློ་བཅས་པ་གོང་འཕེལ་གཏོང་ཐུབ་ན་དཀའ་སྡུག་གང་འདྲ་ཞིག་ཡིན་ཀྱང་། དེར་གདོང་ལེན་བྱ་རྒྱུའི་སྙིང་སྟོབས་འཕེལ་རྒྱུ་ཡོད་སྐོར་ལམ་སྟོན་གནང་བ་དང་ཆབས་ཅིག སོ་སོ་བཅོས་ཐབས་ལས་བྲལ་བའི་དཀའ་ངལ་སོགས་འཕྲད་དུས། ༸རྒྱལ་སྲས་ཆེན་པོ་ཞི་བ་ལྷ་ཡི་གསུང། གལ་ཏེ་བཅོས་སུ་ཡོད་ན་ནི། དེ་ལ་མི་དགའ་ཅི་ཞིག་བྱ། གལ་ཏེ་བཅོས་སུ་མེད་ན་ནི། དེ་ལ་མི་དགའ་བྱས་ཅི་ཕན། ཞེས་པ་དེའི་ཐོག་བསམ་བློ་གཏང་ཐུབ་པ་བྱུང་ན། ཕན་པ་ཆེན་པོ་ཡོང་བའི་ལམ་སྟོན་ཡང་སྩལ་གནང་མཛད་སོང་།
ཕྱག་ཚོད་གཅིག་དང་ཕྱེད་ཀ་ཙམ་གྱི་བཀའ་དྲི་བཀའ་ལན་གྱི་མཛད་རིམ་དེ་གྲུབ་མཚམས་སུ་༸གོང་ས་མཆོག་ནས། གཞོན་སྐྱེས་ཀྱི་སློབ་མ་དག་ལ་དམིགས་ནས། འདས་པའི་གནས་ཚུལ་ནི་འདས་པ་ཞིག་ཡིན་པ་དང་། མ་འོངས་པ་གང་འདྲ་ཡོང་མིན་ནི་ད་ལྟའི་གནས་སྟངས་ལ་རགས་ལུས་ཡོད་དུས། མ་འོངས་པའི་སྤྱི་ཚོགས་བདེ་སྐྱིད་ལྡན་པ་ཞིག་ཡོང་རྒྱུར་ད་ལྟའི་གཞོན་སྐྱེས་ཚོར་དམིགས་བསལ་འགན་ཡོད་པ་མ་ཟད། ཧར་ཝཊ་ལྟ་བུའི་གཙུག་ལག་སློབ་གཉེར་ཁང་གི་སློབ་མར་དེ་བས་འགན་ཁུར་ཆེ་བ་ཡོད་སྐོར་བཀའ་གནང་སོང་བ་མ་ཟད། སློབ་མ་ཚོས་འདས་པའི་དབུ་ཁྲིད་ཚོས་གང་གནང་བ་རྣམས་ལད་བཟློས་བྱ་རྒྱུའི་ཚབ་ཏུ་སོ་སོའི་རྣམ་དཔྱོད་ལོངས་སུ་སྤྱད་ནས། དུས་རབས་ཉེར་གཅིག་པའི་དབུ་ཁྲིད་ཕུགས་རེ་ལྡན་པ་ཞིག་གནང་དགོས་པའི་ལམ་སྟོན་གནང་སོང་། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས། ད་ལྟའི་འཆར་འཛམ་གླིང་ནང་ཡུ་རོབ་སྤྱི་མཐུན་ཡོད་པ་བཞིན། རིམ་པས་ཨེ་ཤི་ཡ་དང་། ལྷོ་ཨ་མེ་རི་ཁ། དེ་བཞིན་ཨཧྥ་རི་ཁ་བཅས་པ་སོ་སོའི་སྤྱི་མཐུན་རྒྱལ་ཁབ་དང་། དེ་ནས་རིམ་བཞིན་འགྲོ་བ་མིའི་མཐུན་མོང་གི་སྤྱི་མཐུན་རྒྱལ་ཁབ་བཅས་ཡོང་བའི་ཐུགས་རེ་གནང་གི་ཡོད་པའི་དགོངས་བཞེད་ངོ་སྤྲོད་དང་འབྲེལ། དེ་འདྲ་གཅིག་མགོན་པོ་གང་ཉིད་ཀྱི་སྐུ་ཚེའི་ནང་གཟིགས་རྒྱུ་ཁག་པོ་ཡིན་ནའང་། གཞོན་སྐྱེས་ཚོས་དེའི་ཐད་དགོངས་པ་གཏིང་གཟབ་བཞེས་ན་འཛམ་གླིང་སྤྱིར་ཕན་ཐོགས་ཆེན་པོ་ཡོད་སྐོར་ཐུགས་འཚོར་ཆེན་པོས་བཀའ་གནང་སོང་།།
དེ་རིང་གི་མཛད་རིམ་དེ་བཞིན་དྲྭ་ཐོག་བརྒྱུད་ཐད་གཏོང་གནང་སོང་བ་དང་། ཧར་ཝར་ཌ་གཙུག་ལག་སློབ་གཉེར་ཁང་གི་སློབ་མ་ཚོས་ཨ་རིའི་ས་གནས་གང་ས་དང་། འཛམ་གླིང་གི་ས་ཕྱོགས་གང་ས་ནས་མཉམ་བཞུགས་འདུག
བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ཡིན།
Your browser doesn’t support HTML5