དབྱར་དུས་ཀྱི་བར་གསེང་ནས་ཕྱིར་ཕེབས་གནང་བའི་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཚོས་རྒྱ་ནག་གིས་དངོས་ཁམས་རིག་གནས་ཀྱི་འཕྲུལ་ལས་ཁང་དང་། མི་མེད་འཕུར་འཁོར་ཌྲོན་དང་། གློག་འཁོར་གྱི་ཐོན་བསྐྱེད་ཤུགས་ཆེ་བྱས་ནས་འཛམ་གླིང་ནང་སོ་སོའི་ཤུགས་རྐྱེན་དང་། དཔུང་ཤུགས་ཆེ་རུ་གཏོང་ཐབས་བྱེད་ཀྱི་ཡོད་པ་དེར་གདོང་ལེན་གནང་རྒྱུར་ཁྲིམས་འཆར་ཁག་ཅིག་་ལ་ཕྱག་ལས་གནང་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག
རྒྱ་ནག་ནི་ཨ་རི་ལ་འགྲན་བསྡུར་བྱེད་མཁན་རྒྱལ་ཁབ་ལྟེ་བ་དེ་ཡིན་པར་ཨ་རིས་ལྟ་ཚུལ་འཛིན་གྱི་ཡོད་པས་ཨ་རིའི་གྲོས་ཚོགས་ཀྱིས་གཏན་འབེབས་གནང་འཆར་ཡོད་པའི་ཁྲིམས་འཆར་དེ་དག་ཕལ་ཆེར་འགྲན་བསྡུར་དེའི་ནང་ཨ་རིས་རྒྱ་ནག་ལ་ཕམ་ཉེས་གཏང་ཐུབ་རྒྱུར་དམིགས་ཀྱི་ཡོད་པ་དང་། བདུན་ཕྲག་འདིའི་ནང་གཏན་འབེབས་གནང་འཆར་ཡོད་པའི་ཁྲིམས་འཆར་དེ་ཚོ་མང་ཆེ་བར་སྤྱི་མཐུན་ཚོགས་པ་དང་མང་གཙོ་ཚོགས་པ་གཉིས་ཀས་མགྲིན་དབྱངས་གཅིག་གྱུར་གྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་འདུག
རྒྱ་ནག་དང་འབྲེལ་བའི་གནད་དོན་ལ་གཟིགས་ཞིབ་གནང་མཁན་མི་ཤི་གྷེན་མངའ་སྡེ་ནས་ཡིན་པའི་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་ཚོགས་ཆུང་གི་འཐུས་མི་སྐུ་ཞབས་ཇོན་མཱུལ་ནཱར་གྱིས་ “ཁྲིམས་འཆར་འདི་ཚོས་རྒྱ་ནག་གི་དམར་ཤོག་ཚོགས་པས་དྲག་ཤུགས་དང་། དཔལ་འབྱོར། ལྟ་བའི་ཐོག་ནས་ཨ་རིར་བཟོས་པའི་ཉེན་ཁ་དེ་ཚོ་ལྡོག་རྒྱུར་དོན་སྙིང་ལྡན་པའི་ལས་ཐབས་ལག་བསྟར་བྱེད་ཀྱི་ཡོད་པ་དང་། འགྲན་བསྡུར་འདིའི་ནང་རྒྱལ་ཁ་ཐོབ་པ་བྱ་རྒྱུ་དེ་ནི་ཚོགས་པ་དབྱེ་མེད་ཀྱི་དམིགས་ཡུལ་ཞིག་ཀྱང་རེད་”ཅེས་གསུངས་འདུག
འདི་ག་རྒྱལ་ས་ཝ་ཤིང་ཊན་ནང་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཀྱི་མགྲིན་ཚབ་པས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདུག་པ་དེའི་ནང་ “ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཁྲིམས་འཆར་དེ་ཚོ་ནི་ཨ་རིའི་འོས་བསྡུའི་ལོ་འདིའི་ནང་དམར་པོའི་ལྟ་སྤྱོད་ལ་དྲག་གནོན་བྱས་པ་ཞིག་ཡིན་པ་དང་། གལ་སྲིད་ཁྲིམས་འཆར་དེ་ཁྲིམས་ལ་བསྒྱུར་བ་ཡིན་ན། དེས་ཨ་རི་དང་རྒྱ་ནག་གི་འབྲེལ་བ་སྤྱི་དང་། ཁྱད་པར་ཕན་ཚུན་གཉིས་ཕན་གྱི་མཉམ་སྦྲེལ་ལས་འགུལ་ལ་གནོད་སྐྱོན་ཆེན་པོ་ཡོང་རྒྱུ་དང་། ཨ་རི་རང་གི་ཁེ་ཕན་དང་། ཆེ་མཐོང་ལ་ཡང་གནོད་སྐྱོན་དོ་ཕོགས་ཡོང་གི་རེད་”ཅེས་བཤད་འདུག
ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ཀྱིས་གཏན་འབེབས་གནང་འཆར་ཡོད་པའི་ཁྲིམས་འཆར་དེ་དག་གི་ཁོངས་སུ་ཨ་རིས་རྒྱ་ནག་གི་དངོས་ཁམས་འཕྲུལ་རིག་གི་བཟོ་ལས་ཁང་ཚོར་རེ་ལྟོས་ཉུང་འཕྲི་བྱ་རྒྱུ་དང་། ཨ་རིས་རྒྱ་ནག་ནས་གློག་འཁོར་དང་། མི་མེད་འཕུར་འཁོར་ཌྲོན་ནང་འདྲེན་བྱེད་མི་ཆོག་པ་བཟོ་རྒྱུ། རྒྱ་རིགས་ཚོར་ཨ་རིའི་ཞིང་ས་ཚོང་བསྒྱུར་བྱེད་མི་ཆོག་པ། ཕྱིར་ཚོང་ཐོག་དམ་བསྒྲགས་བྱ་རྒྱུ། རྒྱ་ནག་གིས་ཨ་རིའི་ཤེས་རིག་གི་རྒྱུ་དངོས་ཐོག་གསོ་ལྟ་བྱེད་མི་ཆོག་པ་བཟོ་རྒྱུ་སོགས་འདུག
རྒྱ་ནག་ནི་དེང་སང་འཛམ་གླིང་ནང་མི་མེད་འཕུར་འཁོར་ཌྲོན་མང་ཤོས་བཟོ་མཁན་རྒྱལ་ཁབ་དེ་ཡིན་པ་དང་། ཨ་རིས་རྒྱ་ནག་ནང་བཟོས་པའི་མི་མེད་འཕུར་འཁོར་ཌྲོན་ནང་འདྲེན་བྱས་པ་ཡིན་ན་ཨ་རིའི་བདེ་འཇགས་སྲུང་སྐྱོབ་ལ་ཉེན་ཁ་བཟོ་གཞི་ཞིག་ཆགས་ཀྱི་ཡོད། འདིའི་སྐོར་ལ་ཨ་རིའི་ནིའུ་ཡོག་མངའ་སྡེ་ནས་ཡིན་པའི་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ལྕམ་ཨེ་ལི་སི་སྚི་ཕ་ནིག་གིས་གཏམ་བཤད་གནང་བའི་སྐབས་ “རྒྱ་ནག་གི་མི་མེད་འཕུར་འཁོར་ཐོག་དམ་བསྒྲགས་བྱས་པ་ཡིན་ན་ང་ཚོས་སོ་སོའི་བདེ་འཇགས་དང་འབྲེལ་བའི་བརྡ་ཐོ་དེ་ཚོ་སྲུང་སྐྱོབ་བྱེད་ཐུབ་ཀྱི་རེད་”ཅེས་གསུངས་འདུག
ཁྲིམས་འཆར་དེ་ཚོ་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་འོག་མས་གཏན་འབེབས་གནང་བ་ཡིན་ནའང་། ཁྲིམས་ཡིག་ལ་བསྒྱུར་རྒྱུར་ཨ་རིའི་གྲོས་ཚོགས་གོང་མ་དང་སྲིད་འཛིན་གཉིས་ཀྱིས་མོས་མཐུན་རྒྱབ་སྐྱོར་གནང་དགོས་ཀྱི་ཡོད།
ཨ་རིའི་རྒྱལ་ཡོངས་སོ་ནམ་ཞིང་ལས་ཀྱི་ཉམས་ཞིབ་ལས་ཁང་གིས་གསུངས་ན། ཨ་རིའི་མངའ་སྡེ་༥༠ནས་མངའ་སྡེ་༢༤ས་ཨ་རིའི་ནང་གཏན་སྡོད་ཆོག་པའི་ལག་འཁྱེར་ཡོད་མཁན་ཚོས་མ་གཏོགས་སོ་ནམ་གྱི་ས་ཞིང་ཉོ་བསྒྲུབ་བྱེད་མི་ཆོག་པ་བཟོས་ཡོད་རུང་། ཌོ་ལར་ཐེར་འབུམ་མང་པོ་ཡོད་པའི་རྒྱ་ནག་གི་འབྱོར་ལྡན་མི་སྣ་ཞིག་གིས་ཨ་རིའི་ལྷོ་ཕྱོགས་མངའ་སྡེ་ཊེག་སེསྶེ་ནང་ཡོད་པའི་ཨ་རིའི་གནམ་དམག་དཔུང་སྡེའི་བརྟེན་གཞི་ཞིག་གི་ཉེ་འགྲམ་དུ་ཡོད་པའི་ས་ཞིང་རྒྱ་ཁྱོན་ཨེཀ་ཀར་ཆིག་འབུམ་གསུམ་ཁྲི་ཉོ་བསྒྲུབས་བྱས་པ་དང་། ཡང་རྒྱ་ནག་གི་འབྱོར་ལྡན་མི་སྣ་གཞན་ཞིག་གིས་ཨ་རིའི་མངའ་སྡེ་བྱང་ཌེ་ཀོ་ཌའི་ནང་མ་རྨོས་པའི་ལོ་ཏོག་འདེབས་ལས་བྱ་རྒྱུར་ཨ་རིའི་དྲག་པོའི་བརྟེན་གཞིའི་ཉེ་ཁྲིས་ཞིག་ཏུ་ས་ཞིང་ཉོ་བསྒྲུབས་བྱས་ཏེ་ཨ་རིའི་བདེ་འཇགས་སྲུང་སྐྱོབ་ལ་ཉེན་ཁ་བཟོ་གཞི་ཞིག་ཆགས་ཡོད་པས་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ཀྱིས་ཕྱི་མི་ཚོས་ཨ་རིའི་ནང་གང་བྱུང་ས་ཞིང་ཉོ་བསྒྲུབ་བྱེད་མི་ཆོག་པའི་ཁྲིམས་གཞི་འདི་བཟོ་དགོས་པ་ཆགས་ཡོད་པའི་གནས་ཚུལ་ཐོན་འདུག
ཨ་རིའི་རླུང་འཕྲིན་ཁང་གི་གསར་ཁང་ནས་བཏུས།
གསར་འགོད་པ། ཕུན་ཚོགས་ཚེ་རིང་།
ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།