ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་ཨུ་རུ་སུ་ལས་རྒྱ་ནག་ཉེན་ཁ་ཆེ་ཟེར།

ཨ་རིའི་སྲིད་འཛིན་ཇོ་བྷེ་ཌིན་དང་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཝི་ལིམ་བྷན་སིས་

༄༅།། ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ནས་ཨུ་རུ་སུ་ལས་རྒྱ་ནག་ཨ་མི་རི་ཀའི་བདེ་འཇགས་ལ་ཉེན་ཁ་ཆེ། ཨ་མི་རི་ཀས་རྒྱ་ནག་ལ་ཁ་གཏད་གཅོག་པར་དབུས་གསང་བའི་ལས་ཁུངས་ཀྱི་འགྲོ་གྲོན་ལྡབ་གཅིག་ལྷག་སྤར་ཡོད་ཅེས་བསྒྲགས། ཕྱི་ཟླ་དང་པོའི་ཚེས་༣༠་ཉིན་ཚོང་ལས་ནང་ཚགས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཝི་ལིམ་བྷན་སིས་ཨུ་རུ་སུ་གནས་སྐབས་རིང་ཉེན་ཁ་ཞིག་ཡིན་སྲིད་ཀྱང་ཨ་རིའི་མཐར་ཐུག་གི་ཉེན་ཁ་དེ་རྒྱ་ནག་རེད། ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་རྒྱ་ནག་ནས་གསང་བའི་གནས་ཚུལ་བསྡུ་རུབ་དང་གསང་ཉུལ་གྱི་ལས་དོན་སྤེལ་ཕྱོགས། རྒྱ་ནག་ལ་འབྲེལ་བ་ཡོད་པའི་ལས་དོན་ཁག་ལ་འཛམ་གླིང་ཡོངས་སུ་ཞིབ་འཇུག་བྱེད་པར་འགྲོ་གྲོན་ལྡབ་གཅིག་ལྷག་སྤར་ཡོད། ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་རྒྱ་ཡིག་རྒྱ་སྐད་ཤེས་མཁན་ལས་བྱེད་པ་བསྡུ་རྒྱུ་མང་དུ་བཏང་ནས་སྦྱོང་བརྡར་སྤྲོད་ཀྱི་ཡོད་ཅེས་ཕྱི་སྲིད་ལས་དོན་དུས་དེབ་ནང་དུ་རྩོམ་ཡིག་སྤེལ།།

དབྱིན་ཇིའི་ཕྱི་སོ་ལས་ཁུངས་ཀྱི་འགན་འཛིན་རི་ཆར་ཌི་མུར་

ན་ནིང་ཕྱི་ཟླ་༧་པའི་ནང་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ལ་པོ་ལི་ཊི་ཀོ་གསར་ཁང་གིས་བཅར་འདྲི་ཞུས་པའི་སྐབས་སུ་ང་ཚོས་རྒྱ་ནག་ལ་དམིགས་ནས་འགྲོ་གྲོན་གཏོང་གི་ཡོད་པ་དེ་འདྲ་ཞིག་ལས་དོན་གཞན་གྱི་ཐོག་ཏུ་གཏོང་གི་མེད། ང་ཚོས་འགྲོ་གྲོན་འཕར་མ་གཏོང་གི་ཡོད་པ་དེས་རྒྱ་ནག་ཉེན་ཁ་ཅི་ཙམ་ཆེ་མིན་དཔོག་ནུས། ཨ་མི་རི་ཀས་རྒྱ་ནག་གི་ཀུན་སློང་ཅི་ཡིན་དང་རྒྱ་ནག་ལ་ནུས་པ་ཅི་ཡོད་ཤེས་དགོས་ཀྱི་རེད་ཅེས་ལན་བཏབ། དེ་བཞིན་དབྱིན་ཇིའི་ཕྱི་སོ་ལས་ཁུངས་ཀྱི་འགན་འཛིན་རི་ཆར་ཌི་མུར་་གྱིས་ཀྱང་རྒྱ་ནག་དམར་ཤོག་ཚོགས་པས་རྒྱལ་ཁབ་ཁག་ལ་བཙན་དྲག་བཀོལ། རྒྱལ་ཁབ་དེ་དག་རྒྱ་ནག་ལ་བརྟེན་དགོས་པ་ཞིག་ཏུ་སྒྱུར་ཐབས་བྱེད་ཀྱི་ཡོད་པས་ང་ཚོས་དེ་ལ་ཁ་གཏད་བཅག་ནས་རྒྱ་ནག་གི་སྟོབས་ཤུགས་གཅོག་དགོས། རྒྱ་ནག་གིས་རྒྱལ་ཁབ་མང་པོར་པྲོག་དབྱིབས་ནད་དུག་སྔོན་འགོག་སྨན་ཁབ་བཙོངས་ནས་རྒྱལ་ཁབ་དེ་དག་གི་གཞི་གྲངས་རྣམས་རྒྱ་ནག་ལ་སྤྲོད་དགོས་ཞེས་ཆ་རྐྱེན་འཇོག་གི་འདུག དེ་ནི་ཧ་ཅང་གི་ཉེན་ཁ་ཆེན་པོ་ཞིག་རེད་ཅེས་བསྟན།།

ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ནས་བྲིས་པའི་རྩོམ་ཡིག་ནང་དུ་ཨུ་རུ་སུའི་དཔལ་འབྱོར་ཉམས་ཏེ་དུས་ཡུན་རིང་པོར་སླར་གསོ་བྱ་ཐུབ་རྒྱུ་ཤིན་ཏུ་དཀའ། ཨུ་རུ་སུའི་ལས་དབང་ནི་རྒྱ་ནག་གི་དཔལ་འབྱོར་དར་རྒུད་ལ་ཉེ་བར་སྦྲེལ། ཕུ་ཊིན་གྱིས་དམག་འཁྲུག་བསླངས་ནས་ཨུ་རུ་སུར་ཕྱོགས་གང་ཐད་དུ་ཇུས་ཉེས་ཚབས་ཆེན་ཕོག ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་རྒྱལ་ས་བླངས་ཏེ་རྒྱལ་ཁབ་དེ་དབང་དུ་བསྡུ་རྒྱུའི་ཧམ་སེམས་བཅངས་པ་འཕྲུལ་སྣང་ཙམ་དུ་ཟད། ཡུཀ་རེན་གྱི་དམག་གིས་ཨུ་རུ་སུའི་སྟོབས་ཤུགས་ཉམས་དམས་སུ་གཏོང་གི་འདུག ད་ལྟའི་བར་དུ་ཉུང་མཐའ་ཡང་ཨུ་རུ་སུའི་དམག་མི་༣༡༥༠༠༠་ཡས་མས་ཤིག་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་རྨས་བྱུང་སྟེ་དམག་འཁྲུག་རྒྱག་མི་ཐུབ་པར་གྱུར། ཡུཀ་རེན་གྱི་དམག་འཁྲུག་མ་ལངས་གོང་དུ་ཨུ་རུ་སུའི་དམག་ལ་ཡོད་པའི་ལྕགས་ཁྲབ་འཁོར་ལོ་གསུམ་ཆའི་གཉིས་རྩ་གཏོར་སོང་། ཕུ་ཊིན་གྱིས་ལོ་བཅུ་ཕྲག་མང་པོར་ཨུ་རུ་སུའི་དམག་པུང་དེང་རབས་ཅན་དུ་བསྒྱུར་བའི་གྲུབ་འབྲས་རྣམས་རླུང་ལ་བསྐུར་འདུག་ཅེས་འཁོད།།

༢༠༢༢་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་པ་དང་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཅད། ཨུ་རུ་སུ་རྒྱ་ནག་ཁོ་ནར་མ་བརྟེན་ཀ་མེད་དུ་གྱུར་ཏེ་པེ་ཅིང་གི་ཤུགས་རྐྱེན་འོག་ཏུ་ཡོངས་སུ་ཚུད། ༢༠༢༣་ལོར་རྒྱ་ནག་དང་ཨུ་རུ་སུའི་ཚོང་ལས་ཨ་སྒོར་ཐེར་འབུམ་༢༤༠་ལྷག་བརྒལ། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་བྱས་ནས་དམག་དང་དཔལ་འབྱོར་སྟོབས་ཤུགས་ཉམས། ཕུ་ཊིན་ལ་བྱང་ཀོ་རི་ཡ་དང་ཨུ་རན་མ་གཏོགས་སྒྱོགས་མདེལ་ཉོ་ས་མེད། ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ནས་བྲིས་པའི་རྩོམ་ཡིག་ནང་དུ་ཕུ་ཊིན་གྱིས་ནུབ་ཆིངས་རྒྱ་སྐྱེད་གཏོང་རྒྱུ་འགོག་ཐབས་བྱས་ཀྱང་སྔ་ལོའི་ཕྱི་ཟླ་༤་པའི་ནང་ཧྥིན་ལན་ཌི་ནུབ་ཆིངས་ཁོངས་སུ་ཞུགས། ད་ལྟ་ཧང་གྷ་རི་གཅིག་པུས་སུད་ཌེན་ནུབ་ཆིངས་ཁོངས་སུ་འཇུག་རྒྱུར་ཆོག་མཆན་བཀོད་མེད་པ་ལས་ཚོགས་འཐུས་རྒྱལ་ཁབ་གཞན་པ་ཚང་མས་ཆོག་མཆན་བཀོད་ཟིན་པ་རེད་ཅེས་བསྟན།།

ཕྱི་ཟླ་དང་པོའི་ཚེས་༣༠་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ནས་༢༠༢༤་ལོར་ཡུཀ་རེན་ལ་དམག་འཁྲུག་གི་དཀའ་ངལ་ཆེ་རུ་འགྲོ་སྲིད། ཨ་མི་རི་ཀས་ཡུཀ་རེན་ལ་རྒྱབ་སྐྱོར་དང་དམག་དོན་རོགས་དངུལ་སྤྲོད་རྒྱུ་མཚམས་བཞག་ཚེ། ཨ་རིའི་ཕུགས་བསམ་འགྲུབ་རྒྱུར་བར་ཆད་བྱུང་ནས་ལོ་རྒྱུས་ཀྱི་གོད་ཆག་ཅིག་ཏུ་འགྱུར་ཤས་ཆེ། ཡུཀ་རེན་གྱིས་ཨུ་རུ་སུར་འཐབ་རྒོལ་བྱས་ནས་ཕུ་ཊིན་གྱི་ང་རྒྱལ་བཅག ཁོ་པས་དམག་འཁྲུག་རྒྱུན་འཁྱོངས་བྱས་ན་མཇུག་འབྲས་ཚབས་ཆེན་ཞིག་མྱོང་དགོས་པ་ར་འཕྲོད་དུ་འཇུག་ཐུབ། ཡུཀ་རེན་གྱིས་རྒྱལ་མཚམས་བརྒལ་ནས་མཚོ་ནག་མངའ་ཁུལ་དང་ཨུ་རུ་སུའི་ནང་ལོགས་སུ་རྒོལ་རྡུང་བྱེད་ཐུབ་ཀྱི་ཡོད་པ་རེད་ཅེས་བཀྲལ། ཨ་རིའི་གཞུང་གིས་ཡུཀ་རེན་ལ་རྒྱང་སྙོབ་འཕུར་མདེལ་མ་སྤྲད་པ་དང་ཨུ་རུ་སུའི་ས་མཚམས་བརྒལ་ནས་རྒོལ་རྡུང་བྱས་ཏེ་འཐབ་འཁྲུག་ཆེ་རུ་གཏོང་བའམ། ཡང་ན་ཨུ་རུ་སུའི་ས་ཐོག་ཏུ་རྒོལ་རྡུང་བྱ་དགོས་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་མེད་པའི་གནས་ཚུལ་ཐོན་འདུག

ཨུ་རུ་སུའི་བཙན་འཛུལ་བྱུང་བའི་རྗེས་སུ་ཨ་རིའི་གྲོས་ཚོགས་ཀྱིས་ཡུཀ་རེན་ལ་ཨ་སྒོར་ཐེར་འབུམ་༡༡༠་ལྷག་དམག་དོན་རོགས་དངུལ་སྤྲོད་རྒྱུའི་གྲོས་ཆོད་བཞག ༢༠༢༣་ལོར་ཨ་རིའི་གྲོས་ཚོགས་འོག་མའི་ནང་དུ་སྤྱི་མཐུན་ཚོགས་པར་འཐུས་མི་གྲངས་མང་གི་གནད་གྲངས་ཐོབ། སྤྱི་མཐུན་ཚོགས་པའི་འཐུས་མི་ཁག་ཅིག་གིས་ཡུཀ་རེན་ལ་དམག་དོན་རོགས་དངུལ་མུ་མཐུད་དུ་སྤྲོད་དགོས་པའི་ལངས་ཕྱོགས་འཛིན་གྱི་ཡོད་ཀྱང་འཐུས་མི་ཁག་ཅིག་གིས་ཨ་རིའི་ལྷོ་ཕྱོགས་ནས་ཕྱི་མི་གཞིས་ཆགས་པ་ཡོང་གི་ཡོད་པ་འགོག་རྒྱུ་དང་ཡུཀ་རེན་གྱི་དམག་དོན་རོགས་དངུལ་གཉིས་འབྲེལ་བ་མཐུད། ཨ་མི་རི་ཀས་ཡུཀ་རེན་ལ་དམག་དོན་རོགས་དངུལ་གསར་པ་སྤྲོད་རྒྱུ་གྲོས་ཚོགས་སུ་འགགས། ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ནས་ཕུ་ཊིན་གྱིས་རྡུལ་ཕྲན་མཚོན་ཆ་འཕེན་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ་སྲིད། ང་ཚོས་དེ་ལ་དོགས་ཟོན་བྱ་དགོས་ཀྱང་ཕུ་ཊིན་གྱི་འཇིགས་སྐུལ་ལ་རྦད་དེ་སྐྲག་པ་ནི་གླེན་རྟགས་རེད། ཡུཀ་རེན་ལ་རྒྱབ་སྐྱོར་བྱས་ན་རྒྱ་ནག་གིས་ཐེ་ཝན་བཙན་འཛུལ་བྱ་སྲིད་པ་འགོག་ཐུབ་ཅེས་ནན་བརྗོད་བྱས་འདུག

ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ནས་བྲིས་པའི་རྩོམ་ཡིག་ནང་དུ་ཡུཀ་རེན་ལ་མཚོན་ཆ་དང་དམག་དོན་རོགས་དངུལ་སྤྲོད་རྒྱུ་མཚམས་འཇོག་བྱེད་མི་ཉན། ཡུཀ་རེན་ལ་མཚོན་ཆ་དང་དམག་དོན་རོགས་དངུལ་མ་ཆད་ན་སྟོབས་ཤུགས་རྒྱས་ཏེ་ཨུ་རུ་སུར་གྲོས་མོལ་བྱེད་པའི་དུས་སུ་གདེང་འཇོག་འཐོབ་རྒྱུའི་ཕན་ཐོགས་ཡོད། ཡུཀ་རེན་ལ་འཕྲལ་ཕུགས་གཉིས་ཀྱི་རྒྱལ་ཁ་འཐོབ་རྒྱུ་དང་ཨུ་རུ་སུའི་དམག་གི་སྟོབས་ཤུགས་གཅོག་དགོས། ཡུཀ་རེན་ལ་དམག་དོན་རོགས་དངུལ་སྤྲོད་ཀྱི་ཡོད་པ་རྣམས་ཨ་རིའི་རྒྱལ་སྲུང་འགྲོ་གྲོན་གྱི་བརྒྱ་ཆ་༥་ཡང་ཟིན་གྱི་མེད་ཀྱང་ས་ཁམས་ཆབ་སྲིད་ལ་འགྱུར་བ་ཆེན་པོ་ཞིག་ཐེབས་ཐུབ་ཅིང་། དེ་ནི་ཁེ་སང་ཆེ་བའི་ཚོང་ལས་ཞིག་ལ་མ་རྩ་བཙུགས་པ་དང་འདྲ་མཚུངས་རེད། ཨུ་རུ་སུར་ཕམ་ཉེས་ཅི་ཙམ་བྱུང་ཡང་ཕུ་ཊིན་གྱིས་དམག་དཔུང་ཕྱིར་འཐེན་བྱ་རྒྱུ་དཀའ་བར་སྣང་། ཕུ་ཊིན་གྱིས་ཡུཀ་རེན་ཟ་དགོས་བསམས་པ་དང་ཨུ་རུ་སུའི་བཙན་རྒྱལ་སླར་གསོ་བྱ་རྒྱུའི་ཧམ་སེམས་དེར་ང་ཚོས་ནམ་ཡང་ཚོད་དཔག་དམའ་མི་ཉན་ཞེས་བཀོད།།

ནུབ་ཆིངས་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སི་ཊོལ་ཊེན་བྷག་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷ་ལི་ཁེན་

ཐ་མ་དེར་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ནས་བྲིས་པའི་རྩོམ་ཡིག་ནང་དུ་ཨུ་རུ་སུའི་རྒྱལ་ནང་དུ་མངོན་གསལ་མེད་པར་དམག་འཁྲུག་ལ་རྒྱབ་སྐྱོར་བྱེད་མཁན་ཉུང་དུ་འགྲོ་བཞིན་འདུག ཕུ་ཊིན་གྱིས་ད་དུང་ཡང་ནུབ་ཕྱོགས་རྒྱལ་ཁབ་ཁག་ཡུཀ་རེན་ལ་རྒྱབ་སྐྱོར་བྱ་རྒྱུར་ཡི་ཐང་ཆད། ཐ་མའི་རྒྱལ་ཁ་དེ་ཨུ་རུ་སུར་འཐོབ་རྒྱུའི་རྩིས་རྒྱག་གི་འདུག ཡུཀ་རེན་གྱིས་ཨུ་རུ་སུའི་དབང་བསྒྱུར་འོག་ཏུ་ཚུད་ཟིན་པའི་ས་གནས་ཁག་ལ་དཔུང་འཇུག་བྱ་རྒྱུ་ཤུགས་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་བསྐུལ། གཟའ་འཁོར་འདིར་ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷ་ལི་ཁེན་གྱིས་ཀྱང་གྲོས་ཚོགས་འཐུས་མི་ཚོར་ཡུཀ་རེན་ལ་དམག་དོན་རོགས་དངུལ་སྤྲོད་རྒྱུར་མྱུར་དུ་ཆོག་མཆན་འགོད་དགོས་ཞེས་འབོད་སྐུལ་ཞུས། ནུབ་ཆིངས་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སི་ཊོལ་ཊེན་བྷག་གིས་ཨ་རིས་སྔར་བཞིན་ཡུཀ་རེན་ལ་རྒྱབ་སྐྱོར་བྱ་རྒྱུའི་ཡིད་ཆེས་ཡོད། ཨུ་རུ་སུ་ཕམ་པ་དང་ཡུཀ་རེན་ལ་རྒྱལ་ཁ་འཐོབ་རྒྱུ་ནི་ཨ་མི་རི་ཀའི་བདེ་འཇགས་ལ་འབྲེལ་བ་ཡོད་པ་ཞིག་རེད་ཅེས་བཤད་པའི་གནས་ཚུལ་ཐོན་འདུག