རྒྱ་ནག་གི་དབང་འཛིན་པས་གཞུང་དང་ལྟ་སྤྱོད་མི་མཐུན་པའི་གང་ཟག་རྣམས་ལ་རྡུང་རྡེག་དྲག་པོ་གཏོང་བའི་སྲིད་ཇུས་དམ་བསྒྲགས་ཚ་ནན་ཅན་འཛིན་གྱི་ཡོད་པའི་རྐྱེན་ལས། དེ་དོན་འདོད་བློ་མི་ཁེངས་པའི་རྒྱ་ནག་གི་དྲ་དམངས་ཚོར་ཉེ་ལམ་རྒྱ་ནག་དབང་འཛིན་པའི་དྲ་རྒྱའི་དོ་དམ་དང་ནག་བསུབ་གཏོང་མི་ཐུབ་པའི་དྲ་རྒྱའི་བརྒྱུད་ལམ་ཞིག་རྙེད་ཡོད་པ་ནི། རྒྱ་ནག་ཏུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་གི་གཞུང་འབྲེལ་ཝེ་པོ་དྲ་ཚིགས་དེ་ཡིན་པ་རེད། དྲ་ཚིགས་དེར་རྒྱ་ནག་གིས་བཀག་རྒྱ་མེད་པར་བརྟེན། དྲ་དམངས་ཚོའི་སྡུག་སྐད་རྒྱག་ས་ལྟ་བུ་ཞིག་ཆགས་ཏེ། སྐྱིད་སྡུག་གི་མྱོང་ཚོར་བརྗོད་པའི་མཆན་སྣ་ཚོགས་འདེབས་བཞིན་པར། རྒྱ་ནག་གི་དྲ་དམངས་ཁག་ཅིག་གིས་དེ་ནི་རྒྱ་མི་ཚོའི་སྡུག་སྐད་རྒྱག་སའི་གནས་མཆོག་ཅིག་རེད་བརྗོད་ཡོད་པ་རེད།
རྒྱ་ནག་ཏུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་གིས་སྤྱི་ཟླ་༢ པའི་ཚེས་༢ རེས་གཟའ་པ་སངས་ཉིན། གཞུང་འབྲེལ་ཝེ་པོ་དྲ་ཚིགས་སུ་རི་དྭགས་ཤྭ་བ་སྐེ་རིང་སྲུང་སྐྱོབ་བྱེད་སྟངས་སྐོར་གྱི་ཡིག་ཆུང་ཞིག་སྤེལ་ཡོད་པར། རེས་གཟའ་ཉི་མའི་ཉིན་ལ་སླེབས་མཚམས་སུ་ཡིག་ཆུང་དེའི་འོག་ཏུ་མཆན་འདེབས་བྱེད་མཁན་འབུམ་གཅིག་དང་ཁྲི་གསུམ་བྱུང་ཡོད་པ་དང་། ཡིག་ཆུང་དེ་བརྒྱུད་སྤེལ་བྱེད་ཐེངས་གཅིག་ཁྲི་ལྔ་སྟོང་ལྷག་ཙམ་བྱུང་ཡོད་པར་མ་ཟད། མཆན་མང་ཆེ་བའི་ནང་ལ་རི་དྭགས་སྲུང་སྐྱོབ་དང་འབྲེལ་བ་མེད་པའི་ནང་དོན་མང་པོ་བཀོད་ཡོད་པའི་གནས་ཚུལ་ཐོན་འདུག།
དཔེར་ན། རའེ་ཌར་སི་གསར་ཁང་གིས་ལུང་འདྲེན་གནང་བའི་མཆན་ཞིག་གི་ནང་ལ་འདི་ལྟར་འཁོད་ཡོད་དེ། ཁྱེད་ཚོས་ང་ཚོ་ལ་མེ་ཤུགས་འཕུར་མདའ་ཏོག་ཙམ་གནང་ན་འགྲིག་གི་འདུག་གམ། ཧྲང་ཧེའི་དངུལ་འཛིན་ཉོ་ཚོང་ཁང་དེ་གཏོར་དགོས་འདུག་ཅེས་འཁོད་ཡོད་པ་དང་། དེ་བཞིན་ཡང་དྲ་རྒྱ་བེད་སྤྱོད་གཏོང་མཁན་ཞིག་གིས་གོང་བརྗོད་བཞིན་རྒྱ་ནག་ཏུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཀྱི་ཝེ་པོ་དྲ་ཚིཊ་དེ་རྒྱ་ནག་གི་དྲ་དམངས་ཚོའི་སྡུག་སྐད་རྒྱག་ས་ཞིག་ཏུ་ཆཊ་འདུག་ཅེས་བརྗོད་ཡོད་པ་རེད།
X དྲ་ཚིགས་བེད་སྤྱོད་གཏོང་མཁན་ཞིག་གིས་རྒྱ་ནག་ཏུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་གི་གཞུང་འབྲེལ་ཝེ་པོའི་དྲ་ཚིགས་སུ་རྒྱ་ནག་གི་མི་ཚོས་བཀོད་པའི་མཆན་ཁག་ཅིག་བསྡུ་རུབ་བྱས་ཡོད་པའི་ནང་། ཕྱི་འབྲེལ་གྱི་ཐབས་ལམ་ལ་བརྟེན་ནས་མ་རྐང་ཉོ་མཁན་གྱི་མི་དམངས་ཚོ་སྐྱོབ་རོགས་གྱིས་དང་ཞེས་དང་། ཁྱེད་ཚོས་མ་རྐང་གི་ཁྲོམ་ར་ལ་དོ་དམ་ཞིག་བྱས་ན་འགྲིག་གི་མ་རེད་དམ། ཉི་མ་རྟག་པར་བསྟོད་ར་རྐྱང་རྐྱང་བཏང་བ་ཙམ་ལས། སྐད་ཆ་བདེན་པ་གཅིག་ཀྱང་མེད་པ་ལ། རྫུན་དང་། ཆེན་པོ། སྟོང་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཞེས་པ་དེ་ཨ་རིས་གོ་མྱོང་ཡོད་དམ་ཞེས་དང་། ཡང་གཅིག་གིས། ང་ཚོའི་སྤྱི་ཚོགས་ལ་གནད་དོན་མང་པོ་ཡོད། དཔལ་འབྱོར་དང་མི་དམངས་ཀྱི་འཚོ་བར་དོ་སྣང་བྱེད་ཀྱི་མི་འདུག་ལ། དེའི་ཐད་སྲིད་ཇུས་གང་ཡང་མེད། སྣེ་ཡོད་རིམ་པ་ཚོས་ཚོགས་འདུ་ཚོགས་ནས་དྲིལ་བསྒྲགས་བྱ་རྒྱུ་ཙམ་ལས་ཅི་ཡང་འཇོན་གྱི་མ་རེད། ཨ་མེ་རི་ཀས་གང་མགྱོགས་འགྲོ་བ་མིའི་རིགས་ཡོངས་རྫོགས་བཅིངས་འགྲོལ་གཏོང་རོགས་གནོངས་ཞེས་ཀྱང་འཁོད་ཡོད་འདུག། དེ་ལས་ད་དུང་དྲ་དམངས་ཤིག་གིས། ཐུགས་རྗེས་གཟིགས་ང་ཚོ་སྐྱོབ་རོགས་གྱིས་དང་། ང་ཚོའི་འཚོ་བ་ཧ་ཅང་ཁག་པོ་འདུག་ཅེས་བརྗོད་ཡོད་པ་རེད།
བྷུ་ལོམ་བྷེར་གྷི་Bloomberg གསར་ཁང་གིས་སྤེལ་བའི་གནས་ཚུལ་ཞིག་གི་ནང་ལ། རྒྱ་ནག་གི་དྲ་དམངས་ཁག་ཅིག་གི་སྐད་ཆ་ལུང་དྲངས་ཡོད་པའི་ཁོངས་ལས། གལ་སྲིད་སྐྱོན་བརྗོད་བྱེད་ཆོག་གི་མེད་པ་ཡིན་ན། བསྟོད་ར་གཏོང་བ་ནི་སྙིང་པོ་མེད་པའི་ལས་ཀ་ཞིག་རེད་ཅེས་དང་། རྒྱ་ནག་གི་དྲ་དམངས་ཚོས་རྒྱ་ནག་གི་མ་རྐང་ཁྲོམ་ར་ནི་རྒྱན་པོ་འགྱེད་སའི་ར་བ་ཞིག་རེད། མི་ལ་སྲོག་ཁྲིམས་གཅོད་སའི་སྐེ་གཅོད་སྟེགས་བུ་ཞིག་རེད་ཅེས་སོགས་ཁོང་ཁྲོ་བཟོད་བརླག་བྲལ་བའི་རྣམ་འགྱུར་བསྟན་འདུག། རའེ་ཌར་སི་གསར་ཁང་གིས་རྒྱ་ནག་ཏུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་ལ་འབྲེལ་བྱས་ཏེ། དེ་དོན་ཐད་དགོངས་ཚུལ་ཅི་ཡོད་སྐད་ཆ་དྲིས་ཡོད་ཀྱང་། ད་ཕན་ལན་འདེབས་གང་ཡང་བྱུང་མེད་པ་རེད།
སྤྱིར་རྒྱ་ནག་གི་ཝེ་པོ་དྲ་ཚིགས་བེད་སྤྱོད་གཏོང་མཁན་ཚོས་ཝེ་པོའི་ཐོག་ལ་ཁྲོམ་ར་དང་དཔལ་འབྱོར་གྱི་ཐད་ལ་སོ་སོའི་བསམ་ཚུལ་མཚོན་པའི་ཡི་གེ་གང་འཚམས་སྤེལ་ཆོག་གི་ཡོད་ཀྱང་། རྒྱ་ནག་གི་དྲ་རྒྱའི་བརྒྱུད་ལམ་ལ་ལྟ་རྟོག་བྱེད་མཁན་ཚོས་རྟག་པར་གཞུང་གི་ལྟ་གྲུབ་དང་མི་མཐུན་པའི་ཡི་གེ་དེ་ཚོར་གནོད་པ་ཡོད་པའི་སྐད་ཆ་ཞེས་བསྙད་བཏགས་ནས་ནག་བསུབ་གཏོང་གི་ཡོད་པ་རེད། རྒྱ་ནག་གི་དཔལ་འབྱོར་ལ་ད་ལྟའི་ཆར་དཀའ་ཁག་ཆེན་པོ་འཕྲད་བཞིན་པ་དང་། ས་ཁང་ལས་རིགས་ཀྱི་ཁྲོམ་རར་ཉམས་ཆག་བྱུང་ཞིང་། རྒྱ་ནག་ནང་ཁུལ་དུ་ཁང་ཚོང་འགྲོ་རྒྱུག་ཡག་པོ་མེད་པར་མ་ཟད། དངུལ་ལོར་ཁྱབ་སྤེལ་སྟངས་འཛིན་ལ་ཉེན་ཁ་ཆེ་རུ་འགྲོ་བཞིན་པ་དང་། དཔལ་འབྱོར་ཡར་རྒྱས་ལ་འགོག་རྐྱེན་ཡོད་པ་བཅས་ཀྱི་གནས་སྟངས་ཆགས་ཡོད་པ་རེད། རྒྱ་ནག་གཞུང་གིས་ཉེ་ལམ་དཔལ་འབྱོར་སྐྱོབ་ཐབས་ཀྱི་ཐབས་ལམ་སྣ་ཚོགས་ཤིག་བཏོན་ཡོད་ཀྱང་། དོན་ཕན་ལྡན་པའི་ནུས་པ་ཐོན་ཁག་པོ་ཆགས་ཡོད་པ་རེད།
ཟླ་བ་འདིའི་ནང་ལ་རྒྱ་ནག་དམར་ཤོག་མཐོ་རིམ་འགོ་ཁྲིད་མང་པོ་ཞིག་གིས་སོ་སོའི་འོག་ལ་ཡོད་པའི་དཔོན་རིགས་ཚོ་ལ་རྒྱ་ནག་གི་དཔལ་འབྱོར་གྱི་ལེགས་པའི་ཆ་མང་ཙམ་ཤོད་དགོས་པའི་སྐུལ་མ་བཏང་ཡོད་ཀྱང་། ཕྱི་ལོགས་སུ་ཡོད་པའི་མི་ཚོར་ཧ་ལས་ཧང་སངས་གཞི་ཞིག་ཆགས་ཡོད་པ་དེ་ནི། དབང་འཛིན་པས་དཔལ་འབྱོར་ཐད་ཡག་ཐོག་ཡག་བརྩེགས་དང་རྒྱན་ཐོག་རྒྱན་བརྩེགས་ཡིན་པའི་བསྟོད་པ་འབུལ་བ་ཁོ་ན་བྱེད་དགོས་པ་དེ་རྒྱལ་ཁབ་བདེ་འཇགས་ཀྱི་རིམ་པ་ནང་ལ་ཡར་སྤར་ཡོད་དེ་ཡིན་ཞིང་། ན་ནིང་ལོའི་སྤྱི་ཟླ་༡༢ པའི་ནང་ལ་རྒྱ་ནག་གི་ཆེས་མཐོའི་གསང་བའི་ལས་ཁུངས་ཏེ་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་མང་ཚོགས་ལ་རྒྱ་ནག་གི་དཔལ་འབྱོར་གྱི་སྐྱོན་ཆ་བརྗོད་མཁན་ཚོར་དོགས་ཟོན་བྱ་དགོས་པ་དང་། མི་མང་ཚོས་རྒྱ་ནག་གི་དཔལ་འབྱོར་ཉམས་ཆག་འགྲོ་གི་ཡོད་པའི་བཤད་ཡམས་ལ་ཡིད་ཆེས་བྱ་མི་རུང་བའི་ཉེན་བརྡ་བཏང་ཡོད་པ་རེད།
ནིའུ་ཡོག་དུས་བབ་ཀྱིས་སྤྱི་ཟླ་དང་པོའི་ཚེས་༣༡ ཉིན་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ཞིབ་བཤེར་བྱེད་པ་ཙམ་མ་ཟད། རྒྱ་ནག་གི་དཔལ་འབྱོར་དང་གཞུང་གི་སྲིད་ཇུས་ལ་སྡུག་ས་ནས་ཚོད་དཔག་བྱེད་མཁན་གྱི་དཔལ་འབྱོར་རིག་པ་བ་དང་། མ་དངུལ་ཚོང་དོན་གྱི་དབྱེ་ཞིབ་པ། མ་རྐང་འཛུགས་འཇོག་བྱེད་མཁན་གྱི་དངུལ་ཁང་། སྤྱི་ཚོགས་དྲ་རྒྱའི་བརྒྱུད་ལམ་ནང་སྐད་གྲགས་ཡོད་མཁན་སོགས་ལ་སྡིགས་སྐུལ་ཡང་གཏོང་གི་ཡོད་འདུག།
དེ་ལས་གཞན། རྒྱ་ནག་གི་གཞུང་འབྲེལ་མགྲིན་ཚབ་གསར་ཁང་མི་དམངས་ཉིན་རེའི་ཚགས་ཤོག་གིས་རེས་གཟའ་པ་སངས་ཉིན་ལ་ཁ་བྱང་དུ་རྒྱལ་ཁབ་ཁྱོན་ཡོངས་སུ་དགའ་དགའ་སྤྲོ་སྤྲོའི་ཁོར་ཡུག་གིས་ཁེངས་ཡོད་ཅེས་པའི་རྩོམ་ཡིག་ཅིག་སྤེལ་ཡོད་ཀྱང་། རྩོམ་ཡིག་དེ་སྤེལ་མ་ཐག་ཏུ་དེ་དོན་རྒྱ་ནག་གི་དྲ་རྒྱའི་བརྒྱུད་ལམ་ལ་ཟུར་ཟ་དང་སྐད་ཆ་གོ་རྒྱུ་ཅན་བཤད་མཁན་བྱུང་ཡོད་པ་དེ་ཡང་། རྒྱ་ནག་གི་དྲ་དམངས་ཚོ་རྒྱ་ནག་ཏུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་གི་གཞུང་འབྲེལ་ཝེ་པོ་དྲ་ཚིགས་ཀྱི་ངོས་སུ་ཡོང་ནས་མཆན་སྣ་ཚོགས་བཀོད་དགོས་པའི་རྒྱུ་རྐྱེན་ཞིག་ཀྱང་ཆགས་འདུག།