རྒྱ་ནག་གི་མ་རྐང་ཁྲོམ་རར་ལོ་ ༢༧ ནང་གོད་ཆག་ཆེ་ཤོས་བྱུང་བ།

རྒྱ་ནག་གི་མ་རྐང་ཁྲོམ་ར་

Your browser doesn’t support HTML5

རྒྱ་ནག་གི་མ་རྐང་ཁྲོམ་རར་ལོ་ ༢༧ ནང་གོད་ཆག་ཆེ་ཤོས་བྱུང་བ།

གཟའ་འཁོར་འདིའི་གཟའ་མིག་དམར་ཉིན་མོ་རྒྱ་ནག་གི་རྒྱལ་ཁབ་ཡར་རྒྱས་དང་བསྒྱུར་བཅོས་ལས་དོན་ལྷན་ཁང་ནས་དཔལ་འབྱོར་འཕེལ་རྒྱས་ཐད་ཀྱི་མ་འོངས་པའི་ལས་དོན་འཆར་གཞི་ཁ་གསལ་ཞིག་གསལ་བསྒྲགས་བྱས་མེད་པའི་

རྐྱེན་གྱིས་གཟའ་ལྷག་པའི་ཉིན་མོ་རྒྱ་ནག་གི་མ་རྐང་ཁྲོམ་རའི་རིན་གོང་ལོ་༢༧ ནང་དམའ་ཤོས་ལ་སླེབས་འདུག་པ་དང་།

དེ་ཡང་གཟའ་ལྷག་པའི་ཉིན་མོ་ཧྲན་ཌེན་གྱི་མ་རྐང་ཁྲོམ་རའི་གོང་ཚད་བརྒྱ་ཆ་༨་༢ མར་ཟག་འདུག་ཅིང་། དེ་ནི་༡༩༩༧ལོའི་ཕྱི་ཟླ་༥པ་ནས་བཟུང་ཁྲོམ་རའི་མ་རྐང་གི་རིན་གོང་དམའ་ཤོས་ཡིན་པ་དང་། ཡང་ཧྲང་ཧད་ཀྱི་མ་རྐང་ཁྲོམ་རའི་རིན་གོང་བརྒྱ་ཆ་༦་༦མར་ཟག་པ་དང་ཧོང་ཀོང་གི་མ་རྐང་ཁྲོམ་རའི་རིན་གོང་བརྒྱ་ཆ་༡་༤མར་ཟག་འདུག

དཔལ་འབྱོར་ཐད་ཀྱི་གསར་འགྱུར་ཁག་གིས་གནས་ཚུལ་སྤེལ་གསལ་བྱས་ན་རྒྱ་ནག་གི་རྒྱལ་ཁབ་དུས་ཆེན་གྱི་དགུང་སེང་མཇུག་སྒྲིལ་མ་ཐག་ཁྲོམ་རིའི་རིན་གོང་ལ་ཕྲན་བུ་འཕར་འདུག་ཀྱང་། ད་ཆ་སླར་ཡང་མ་རྐང་ཁྲོམ་རའི་རིན་གོང་དེ་བསྐྱར་དུ་མར་ཟག་པ་དེ་ནི་རྒྱ་ནག་གི་ཁྲོམ་ར་དང་དཔལ་འབྱོར་ཐད་ཀྱི་སྲིད་ཇུས་བརྟན་པོ་དང་ཁ་གསལ་མེད་པའི་རྐྱེན་གྱིས་མ་རྩ་འཛུགས་མཁན་ཚོས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་བསྐྱར་གསོ་ཐུབ་མིན་ལ་ཐེ་ཚོམ་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་ཡིན་པ་དང་། མ་རྩ་འཛུགས་མཁན་ཚོས་ཟླ་བ་གཅིག་ཙམ་གི་གོང་ནས་རྒྱ་ནག་གཞུང་གིས་དཔལ་འབྱོར་ཡར་རྒྱས་གཏོང་ཐབས་ཀྱི་འཆར་གཞི་ཞིག་གསལ་བསྒྲགས་བྱེད་རྒྱུར་རེ་སྒུག་བྱས་འདུག་ཀྱང་གཟའ་མིག་དམར་ཉིན་མོ་རྒྱ་ནག་གི་རྒྱལ་ཁབ་ཡར་རྒྱས་དང་བསྒྱུར་བཅོས་ལྷན་ཁང་གིས་གསར་འགོད་ལྷན་ཚོགས་ཐོག་འཆར་གཞི་གསལ་པོ་ཞིག་ཕྱིར་བསྒྲགས་བྱས་མེད། དེ་ཡང་ལྷན་ཁང་དེའི་འགན་འཛིན་ཌེག་ཧྲན་ཇཱལ་གྱིས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་དང་ཡིད་རྟོན་རུང་བ་ཡོད་ལུགས་འགྲེལ་བརྗོད་དང་དཔལ་འབྱོར་བསྒྱུར་བཅོས་ཀྱི་གནད་དོན་དེ་མི་མང་འཐུས་མིའི་ཚོགས་ཆེན་དང་དབུས་ཆབ་སྲིད་རྒྱུན་ལས་ཁང་གི་ཚོགས་ཆེན་ནས་ཐག་གཅོད་བྱེད་རྒྱུ་ཡིན་ལུགས་བརྗོད་པ་ལས་འཆར་གཞི་གང་ཡང་གསལ་བསྒྲགས་བྱས་མེད་པས་མ་རྩ་འཛུགས་མཁན་ཚོའི་རེ་བ་ལྟར་བྱུང་མེད།

དེ་ཡང་སིང་གྷ་པུའུ་ཧའོ་ཆོ་དངུལ་ཁང་གི་ཕྱིའི་དངུལ་ལོར་ཐད་ཀྱི་མཁས་པ་ཁཱེ་སི་ཝང་གིས་ད་བར་མ་རྩ་འཛུགས་མཁན་ཚོས་རེ་སྒུག་བྱས་པ་རྣམས་རེ་སྟོང་

ཆགས་པ་རེད་ཅེས་གསུངས་འདུག་པ་དང་། ཡང་མ་རྩ་འཛུགས་མཁན་ཁག་ཅིག་གིས་ཕྱི་ཟླ་༡༠པའི་ཚེས་༡༢ཉིན་མོ་རྒྱ་ནག་གི་ནོར་སྲིད་ལྷན་ཁང་ནས་གསར་འགོད་ལྷན་ཚོགས་ཤིག་འཚོག་གི་ཡོད་པ་དེར་རེ་སྒུག་བྱེད་རྒྱུ་ཡིན་ལུགས་བརྗོད་ཀྱི་ཡོད་པ་རེད།

མ་རྩ་འཛུགས་མཁན་ཚོས་རྒྱ་ནག་གཞུང་ནས་དཔལ་འབྱོར་འཕེལ་རྒྱས་སླར་གསོའི་ཆེད་དུ་ལོ་རེའི་དངུལ་གྲོན་རྒྱ་མིའི་སྒོར་མོ་ཁྲག་ཁྲིག་ཆེན་པོ་༢ནས་༡༠འམ་ཨ་སྒོར་ཐེར་འབུམ་༢༨༠ལྷག་གི་བར་སྤར་དགོས་ལུགས་བརྗོད་ཀྱི་

ཡོད་པ་རེད། འོན་ཀྱང་དཔལ་འབྱོར་ཐད་ཀྱི་མཁས་པ་ཚོས་རྒྱ་ནག་གཞུང་ནས་ཕྱི་ཟླ་༣པའི་ནང་ད་ལོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་དེ་བརྒྱ་ཆ་༥ཡིན་སྐོར་གསལ་བསྒྲགས་བྱས་ཡོད་ཀྱང་འདས་པའི་ཟླ་བ་དྲུག་ཙམ་གྱི་ནང་དཔལ་འབྱོར་འཕེལ་ཚད་དལ་དུ་ཕྱིན་པ་དང་ས་ཁང་གི་རིན་གོང་ཤུགས་ཆེ་ཟག་པ་སོགས་ཀྱི་གནས་སྟངས་འོག་མི་ཚོས་འགྲོ་སོང་ཤུགས་ཆེ་གཏོང་རྒྱུར་ཐེ་ཚོམ་བྱེད་ཀྱི་ཡོད་པ་དང་། ཚོང་དང་ལས་ཀའི་གོ་སྐབས་ལ་སེམས་འཚབ་ཆེ་རུ་འགྲོ་བ་མ་ཟད། རྒྱ་ནག་ནང་གི་ལས་མེད་མིའི་གྲངས་འབོར་ཧ་ཅང་གིས་མཐོ་རུ་སོང་ཡོད་པ་ནི་ད་ལོའི་ཕྱི་ཟླ་བརྒྱད་པའི་ནང་ལས་མེད་མིའི་གྲངས་འབོར་བརྒྱ་ཆ་༥་༣ཡིན་པ་དེ་ནི་ཕྱི་ཟླ་བདུན་པའི་ནང་བརྒྱ་ཆ་༥་༢ནས་འཕར་བ་དང་། ལྷག་པར་དུ་གཞོན་སྐྱེས་ཀྱི་ལས་མེད་གྲངས་འབོར་དེ་རྒྱ་ནག་གཞུང་གི་གསལ་བསྒྲགས་ནང་བརྒྱ་ཆ་༡༨་༨ཡིན་པ་དེ་ནི་ཧ་ཅང་མཐོ་པོ་ཡིན་པ་དང་། ཕྱི་ཕྱོགས་ཀྱི་རྟོག་ཞིབ་ཁག་ནང་རྒྱ་ནག་ནང་གི་གཞོན་སྐྱེས་ལས་མེད་ཀྱི་བརྒྱ་ཆ་དེ་རྒྱ་ནག་གཞུང་གིས་གསལ་བསྒྲགས་བྱས་པ་ལས་ཀྱང་ལྡབ་གཅིག་ལྷག་ཙམ་མང་བ་ཡིན་པ་བརྗོད་ཡོད་པ་སོགས་ལ་བརྟེན་ནས་མ་རྩ་འཛུགས་མཁན་ཚོར་ཐེ་ཚོམ་ཡོང་གི་ཡོད་པ་རེད།

རུའུ་ཊར་གསར་སྤེལ་ཁང་དང་གྷར་ཌི་ཡན་གཉིས་ནས་བཏུས།

གསར་འགོད་པ། པ་སངས་དབྱངས་སྐྱིད།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།