རྒྱ་ནག་གི་མི་འབོར་ཉུང་དུ་ཕྱིན་ཏེ་ཁང་ཆེན་ས་ཡ་མང་པོ་སྟོང་པར་ལུས།

རྒྱ་ནག་གི་མི་འབོར་ཉུང་དུ་ཕྱིན་ཏེ་ཁང་ཆེན་ས་ཡ་མང་པོ་སྟོང་པར་ལུས།

༄༅།། རྒྱ་ནག་གི་ས་ཁང་ཚོང་ལས་ཉམས་རྒུད་ཆེན་པོ་བྱུང་སྟེ་ཁང་ཆེན་ས་ཡ་མང་པོ་སྟོང་པར་ལུས། ད་ལྟ་རྒྱ་ནག་གི་མི་འབོར་འཕེལ་རྒྱས་འགྲོ་ཐུབ་ཀྱི་མེད་པས་གྲོང་ཁྱེར་ཁག་གི་ཁང་ཆེན་སྟོང་པ་རྣམས་རྦད་དེ་སྟོང་པར་ལུས་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ། ཕྱི་ཟླ་༡༠་པའི་ཚེས་༡་ཉིན་ཝོལ་སི་ཊི་རི་ཊི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་རྒྱལ་ཡོངས་སུ་ཁང་ཁྱིམ་སྟོང་པ་བྱེ་བ་༩་ཡོད་པ་དང་ཁང་ཁྱིམ་རེའི་ནང་དུ་ཆ་མཉམ་མི་༣་ཡོད་པའི་དབང་དུ་བཏང་ན་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ་གྱི་མི་འབོར་ཆ་ཚང་ཤོང་སའི་ཁང་ཁྱིམ་སྟོང་པ་ཡོད་ཅིང་། རྒྱ་ནག་གི་མི་འབོར་འཕེལ་རྒྱས་འགྲོ་སྲིད་ཀྱང་ཁང་ཁྱིམ་སྟོང་པ་དེ་དག་གི་ནང་དུ་མིས་ཁེངས་ཐུབ་རྒྱུ་ནི་དཀའ་བར་སྣང་། རྒྱ་གཞུང་གིས་ཕྲུ་གུ་གཅིག་ལས་སྐྱེས་མི་ཆོག་པའི་སྲིད་ཇུས་ལག་ལེན་བསྟར་བའི་མཇུག་འབྲས་སུ་མ་འོངས་པའི་ལོ་༣༠་ནང་དུ་རྒྱ་ནག་གི་མི་གྲངས་དུང་ཕྱུར་༢་དང་ས་ཡ་༤་ཉུང་དུ་འགྲོ་རྒྱུའི་ཚོད་དཔག་བྱས་འདུག

རྒྱ་ནག་གི་ས་གནས་ཁག་ཏུ་ཁང་ཁྱིམ་སྟོང་པ་བྱེ་བ་༩་ཡོད་པ་དེའི་ནང་གི་ཁང་ཁྱིམ་ས་ཡ་༣༡་ཆ་ཚང་གྲུབ་པའམ། ཡང་ན་ཕྱེད་ཀ་གྲུབ་ཀྱང་གཏན་ནས་མ་ཚོངས། ཁང་ཁྱིམ་དེ་རྣམས་བཤིག་དགོས་ཀྱང་ཁང་པ་འཛུགས་སྐྲུན་བྱེད་མཁན་བཟོ་ཚོང་ལས་ཁུངས་ཁག་མ་རྩ་བརྡིབས་ནས་ཁ་མཆུར་ཐུག ཁང་ཁྱིམ་ས་ཡ་༥༠་ནས་༦༠་ཡས་མས་ཤིག་ཉོས་ཟིན་ཡོད་ཀྱང་ནང་དུ་མི་འདུག་མཁན་མེད། ཁང་པ་ས་ཡ་༢༠་ཙམ་གྱི་ཁང་རིན་བླངས་ཟིན་ཡོད་ཀྱང་ཁང་པ་རྒྱག་མཁན་ཚོར་དངུལ་སྒོར་མེད་པར་འཛུགས་སྐྲུན་འཕྲོ་ཅན་དུ་ལུས། རྒྱ་ནག་པ་མང་ཆེ་བས་བསགས་དངུལ་འགྲོ་གྲོན་བཏང་སྟེ་གྲོང་ཁྱེར་ཆུང་ཁག་དང་ཁང་པ་རིན་གོང་ཆུང་ས་ཁག་ཏུ་ཁང་པ་ཉོས་ནས་མ་རྩ་བཙུགས། ཁོ་ཚོ་ཁང་པའི་ནང་དུ་འདུག་གི་མེད་པས་ཁང་པ་སྟོང་པར་འཇོག་དགོས་བྱུང་ཞིང་། གྲོང་ཁྱེར་ཨང་རིམ་དང་པོ་དང་གཉིས་པ་ཁག་གི་ཁྱིམ་ཚང་བརྒྱ་ཆ་༧༤་ཙམ་ལ་ཁང་པ་གཅིག་ལས་མང་བ་ཡོད་པར་མ་ཟད། ཁྱིམ་ཚང་བརྒྱ་ཆ་༢༠་ཙམ་ལ་ཉུང་མཐར་ཡང་ཁང་པ་གསུམ་རེ་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་གི་མི་འབོར་ཉུང་དུ་ཕྱིན་ཏེ་ཁང་ཆེན་ས་ཡ་མང་པོ་སྟོང་པར་ལུས།

ཉེ་ཆར་ར་ཤི་ཡའི་ས་མཚམས་སུ་ཆགས་པའི་རྒྱ་ནག་གི་ཧོ་ཀང་གྲོང་ཁྱེར་དུ་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་༦༥༠་ཡོད་པའི་ཁང་པ་ཞིག་ལ་ཨ་སྒོར་༩༣༠༠་རག་ན་བཙོང་རྒྱུ་ཡིན་ཞེས་ཁྲོམ་དུ་བཞག ༢༠༡༠་ལོར་ཧོ་ཀང་གྲོང་ཁྱེར་དུ་མི་འབོར་ས་ཡ་༡.༠༩་ཡོད་པ་རྣམས་མི་གྲངས་༩༤༠༠༠༠་ལ་གྱུར། དེང་སྐབས་རྒྱ་ནག་གི་ཁྲོམ་རའི་ནང་དུ་ཁང་པ་ཉོ་མཁན་མེད་པས་ཁང་བདག་ཚོ་འུ་ཐུག་སྟེ་ཁང་པ་ཕམ་ཚོང་རྒྱག་གི་ཡོད་པ་ཇི་སྙེད་ཅིག་འབྱུང་། རྒྱ་ནག་གི་སྤྱི་ཡོངས་ཁང་པའི་རྒྱ་ཁྱོན་ནི་སྤྱི་ཁྲུ་༡༢༠༠་ཡིན་པ་དང་༢༠༢༢་ལོ་ཧྲིལ་པོར་ཧོ་ཀང་གྲོང་ཁྱེར་དུ་ཁང་ཁྱིམ་༥༣༤་ལས་བྲིན་མི་འདུག་ཅེས་གཞུང་གི་གཞི་གྲངས་སུ་འཁོད། ༢༠༢༠་ལོར་རྒྱ་ནག་གི་ཆིང་ཏོ་གྲོང་ཁྱེར་དུ་མི་འབོར་ས་ཡ་༡་དང་འབུམ་༡་ཡོད་ཀྱང་ལོ་གསུམ་བསྟུད་མར་ཉུང་དུ་ཕྱིན་ཏེ་ས་ཁང་ཚོང་ལས་ཉམས། རྒྱ་ནག་གི་ས་ཁང་ཚོང་ཉམས་རྒུད་ཚད་ཅི་ཙམ་ཡིན་མིན་གསལ་པོ་ཞིག་ཕྱིར་བསྒྲགས་བྱས་མེད་ཀྱང་ཚབས་ཆེན་ཞིག་ཡིན་པ་ར་འཕྲོད།།

ཕི་ཊར་སན་ཞིབ་འཇུག་ཁང་གི་རྒྱལ་སྤྱིའི་དཔལ་འབྱོར་རིག་པ་བ་ཧྭང་ཐེན་ལེས་(Taianlei Huang)་གིས་རྒྱ་ནག་ལ་ཁང་ཁྱིམ་སྟོང་པ་དེ་རྣམས་མིས་ཁེངས་ཐུབ་པའི་མི་གྲངས་མི་འདུག་ཅེས་བསྟན། མོར་གྷན་སི་ཊན་ལེ་དངུལ་ཁང་གི་རྒྱ་ནག་གི་དཔལ་འབྱོར་ཉམས་ཞིབ་པ་རོ་བྷིན་ཞཱིང་(Robin Xing)་གིས་རྒྱ་ནག་གཞུང་ནས་ཨ་སྒོར་ཐེར་འབུམ་༤༢༠་འགྲོ་གྲོན་བཏང་སྟེ་གྲོང་ཁྱེར་ཆེ་ཁག་༣༠་ནས་༥༠་ཙམ་གྱི་ཁང་ཁྱིམ་སྟོང་པ་རྣམས་ཉོ་དགོས། པེ་ཅིང་གི་དབང་འཛིན་པ་ཚོས་ཁེ་སང་མ་བསམས་པར་ཁང་ཁྱིམ་སྟོང་པ་དེ་རྣམས་དབུལ་སྐྱོབ་ཁང་ཁྱིམ་དུ་བསྒྱུར། རྒྱ་ནག་གི་གྲོང་ཁྱེར་ཨང་རིམ་གསུམ་པ་དང་བཞི་པ། ལྔ་པ་བཅས་ཀྱི་ཁང་སྟོང་རྣམས་སྲིད་གཞུང་གིས་ཉོ་རྒྱུའི་ཁོངས་སུ་མ་ཚུད། དཔལ་འབྱོར་རིག་པ་བ་ཚོས་ཨང་རིམ་འོག་མའི་གྲོང་ཁྱེར་ཁག་གི་ཁང་ཁྱིམ་སྟོང་པ་རྣམས་གཞུང་གིས་ཉོས་ནས་དབུལ་སྐྱོབ་ཁང་ཁྱིམ་དུ་བསྒྱུར་ན་དགེ་མཚན་མི་འདུག རྒྱ་ནག་ལ་ཁང་ཁྱིམ་སྟོང་དེ་རྣམས་ཁེངས་ཐུབ་པའི་མི་གྲངས་མི་འདུག་ཅེས་རྒྱུ་མཚན་བགྲངས།།

རྒྱ་ནག་གི་མི་འབོར་ཉུང་དུ་ཕྱིན་ཏེ་ཁང་ཆེན་ས་ཡ་མང་པོ་སྟོང་པར་ལུས།

དཔལ་འབྱོར་རིག་པ་བ་ཚོས་རྒྱ་ནག་གཞུང་གིས་རྒྱབ་སྐྱོར་བྱས་ནས་ཁང་ཁྱིམ་སྟོང་པ་རྣམས་ཉོས་ན་པེ་ཅིང་དང་ཧྲང་ཧེ། ཧྲེན་ཀྲེན་སོགས་ལ་ཚོང་ལས་ཀྱི་གོ་སྐབས་ཡོད་པ་དང་གྲོང་གསེབ་ཁག་ནས་ངལ་རྩོལ་བ་ཡོང་མཁན་ཡོད་པས་ཁང་པའི་ནང་དུ་མི་སྡོད་མཁན་མེད་པའི་དཀའ་ངལ་འཕྲད་མི་སྲིད། གྲོང་ཁྱེར་དེ་དག་གི་མི་འབོར་ཡང་འཕེལ་རྒྱས་འགྲོ་ཐུབ། རྒྱ་ནག་གི་གྲོང་ཁྱེར་ཆུང་ཁག་ཏུ་དཔལ་འབྱོར་དང་ཚོང་ལས་ཀྱི་གོ་སྐབས་མེད་པར་མི་འབོར་མ་འཕེལ། ཉམས་ཞིབ་པ་ཚོས་རྒྱ་ནག་གི་གྲོང་ཁྱེར་༣༤༠་ཡས་མས་ཤིག་ཨང་རིམ་གསུམ་པ་དང་བཞི་པ། ལྔ་པ་བཅས་ཀྱི་གྲོང་ཁྱེར་ཡིན་པས་མི་འབོར་འབུམ་ཕྲག་འགའ་ནས་ས་ཡ་ཁ་ཤས་ལས་མེད་པས་དཔལ་འབྱོར་འཕེལ་རྒྱས་འགྲོ་ཐུབ་རྒྱུ་ཁག་པོ་རེད་ཅེས་བཤད། ༢༠༢༠་ནས་༢༠༢༣་བར་དུ་རྒྱ་ནག་གི་གྲོང་ཁྱེར་ཨང་རིམ་འོག་མ་ཁག་གི་ན་གཞོན་མི་འབོར་བརྒྱ་ཆ་༦༠་ལྷག་ས་གནས་གཞན་དུ་སྤོས།།

ཨ་རིའི་ཧར་ཝར་ཌི་སློབ་གྲྭ་ཆེན་མོའི་དཔལ་འབྱོར་རིག་པའི་སློབ་དཔོན་ཁེ་ནེ་ཐ་རོ་གྷོབ་(Kenneth Rogoff)་ཀྱིས་རྒྱ་ནག་གི་ཁང་ཁྱིམ་སྟོང་པ་བརྒྱ་ཆ་༦༠་ལྷག་ཨང་རིམ་གསུམ་པ་དང་བཞི་པ། ལྔ་པའི་ནང་དུ་འདུག ས་གནས་དེ་དག་གི་མི་འབོར་ཉུང་དུ་ཕྱིན་ཀྱང་ས་གནས་སྲིད་གཞུང་ཁག་གིས་ས་ཆ་བཙོངས་ནས་ཁང་པ་བརྒྱབ་སྟེ་དཔལ་འབྱོར་འདུ་འགོད་བྱེད་ཀྱི་འདུག་ཅེས་བཀྲལ། རྒྱ་ནག་གི་དཔལ་འབྱོར་སླར་གསོ་བྱེད་པར་ཁང་ཁྱིམ་སྟོང་པ་རྣམས་བཙོང་དགོས་ཀྱང་ཉོ་མཁན་དཀོན། ད་ལོའི་ཕྱི་ཟླ་༥་པའི་ནང་རྒྱ་ནག་གཞུང་གིས་སྐྱེད་ཀ་དམའ་མོ་བྱས་ནས་ཨ་སྒོར་དུང་ཕྱུར་༤༢༠་དངུལ་ཁང་ཁག་ལ་བསྐྱིས། དངུལ་ཁང་ཁག་གིས་གཞུང་གཉེར་ཁེ་ལས་ཁག་ལ་དངུལ་སྒོར་བུ་ལོན་བཏང་སྟེ་ཁང་ཁྱིམ་སྟོང་པ་རྣམས་ཉོ་རུ་བཅུག ས་གནས་སྲིད་གཞུང་ཁག་གིས་ཁང་ཚོང་དེ་ཁེ་སང་ཡོད་པ་ཞིག་ཏུ་བསྒྱུར་རྒྱུའི་ཐབས་སུ་འབད།།

ཁ་སྔོན་ཕྱི་ཟླ་༨་པའི་ཚེས་༡་ཉིན་བཟོ་བཀོད་གཅེས་བཏུས་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་རྒྱལ་ཡོངས་སུ་གྲོང་རྡལ་གསར་པ་འཛུགས་སྐྲུན་བྱས་ནས་ཁང་སྟོང་ལུས་ཡོད་པ་དེ་དག་ལ་མི་མེད་ལུང་སྟོང་གི་གྲོང་རྡལ་ཞེས་འབོད། ཉམས་ཞིབ་པ་ཚོས་རྒྱ་ནག་ལ་རྒན་རྒོན་མང་བ་དང་ཁང་པའི་རིན་གོང་མཐོ་དྲགས་པ། པྲོག་དབྱིབས་ནད་ཡམས་རྗེས་སུ་དཔལ་འབྱོར་དང་ཚོང་ལས་རྒུད། རྒྱ་ནག་གི་ཁང་ཁྱིམ་འཛུགས་སྐྲུན་ཚོང་ལས་ཁག་གིས་བུ་མོན་ཚད་མེད་བླངས། ཁང་པ་གྲངས་ལས་འདས་པ་ཞིག་འཛུགས་སྐྲུན་བྱས་ནས་གྲོང་རྡལ་ཁག་གི་ཁང་པ་རྣམས་མ་ཚོངས། ཟླ་བ་རེར་རྒྱ་ནག་གི་ཁྲོམ་རེའི་ནང་དུ་ཁང་པའི་ཚོང་ལས་བརྒྱ་ཆ་༣༦་ཉམས་ཆག་བྱུང་། རྒྱ་ནག་ལ་ས་ཁང་ཚོང་ལས་ཁང་ཆེ་ཁག་བརྒྱ་ཡོད་ཀྱང་ཕྱི་ཟླ་༧་པའི་ནང་དུ་༢༠་ལས་མེད་པ་དང་མི་ཚོས་ཁང་པ་ཉོ་རྒྱུར་ཐེ་ཚོམ་བཟུང་ནས་བསྡད་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་གི་ལུ་ཏི་ཀུང་གུ་(Greenland Group)་ཁང་ཁྱིམ་འཛུགས་སྐྲུན་བཟོ་ཚོང་ཁང་གིས་ཨ་སྒོར་དུང་ཕྱུར་༤་བུ་ལོན་འཇལ་མ་ཐུབ།

ཉམས་ཞིབ་པ་ཚོས་སྔ་ལོ་རྒྱ་ནག་གི་ཧེང་ཏ་(Evergrande)་ཁང་ཁྱིམ་འཛུགས་སྐྲུན་བཟོ་ཚོང་ཁང་མ་རྩ་བརྡིབས་པ་ནི་དཔེ་མཚོན་ཙམ་རེད། རྒྱ་ནག་གི་ལུ་ཏི་ཀུང་གུ་(Greenland Group)་ཁང་ཁྱིམ་འཛུགས་སྐྲུན་བཟོ་ཚོང་ཁང་གིས་ཨ་སྒོར་དུང་ཕྱུར་༤་བུ་ལོན་འཇལ་མ་ཐུབ། དེ་བཞིན་རྒྱ་ནག་གི་པི་གུའི་ཡོན་(Country garden)་ཁང་ཁྱིམ་འཛུགས་སྐྲུན་བཟོ་ཚོང་ཁང་གིས་ཨ་སྒོར་ཐེར་འབུམ་༡༠༠་འགྲོ་གྲོན་བཏང་སྟེ་མ་ལེ་ཤི་ཡའི་ལྷོ་ཕྱོགས་སུ་ནགས་ཚལ་གྲོང་ཁྱེར་ཞེས་མི་གྲངས་འབུམ་༧་ཤོང་བའི་གྲོང་ཁྱེར་ཞིག་འཛུགས་སྐྲུན་བྱས་མོད། འོན་ཀྱང་ནགས་ཚལ་གྲོང་ཁྱེར་ནང་དུ་མི་༩༠༠༠་ལས་འདུག་མཁན་མེད་པར་མི་མེད་ལུང་སྟོང་དུ་གྱུར། ཐོག་མའི་དམིགས་ཡུལ་ནི་སིངྒ་པུར་དང་བར་ཐག་ཉེ་སའི་མ་ལེ་ཤི་ཡའི་ས་གནས་དེར་རྒྱ་ནག་གི་འབྱོར་ལྡན་པ་ཚོས་ཁང་ཁྱིམ་གཉིས་པ་རེ་ཉོ་རྒྱུའི་རྩིས་བརྒྱབ་ནས་འཛུགས་སྐྲུན་བྱས་ཀྱང་འཛུགས་སྐྲུན་བརྒྱ་ཆ་༡༠་ལས་གྲུབ་མེད་པའི་གནས་ཚུལ་ཐོན་འདུག