རྒྱ་ནག་གི་དཔལ་འབྱོར་ཨ་རི་ལས་བརྒལ་མི་སྲིད་པ་རེད་ཅེས་བརྗོད།

འདས་པའི་མི་ལོ་བཞི་བཅུ་ལྷག་གི་རིང་ཡར་རྒྱས་ཤུགས་ཆེ་ཕྱིན་ཡོད་པའི་རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་དེ། ཉེ་དུས་ནས་ཇེ་དལ་ལ་འགྲོ་བཞིན་ཡོད་པ་དང་བསྟུན་ནས། སྲིད་དོན་དབྱེ་ཞིབ་པ་མང་པོ་ཞིག་གིས་འབྱུང་འགྱུར་རྒྱ་ནག་གི་དཔལ་འབྱོར་དེ་ཨ་མེ་རི་ཁ་ལས་བརྒལ་མི་སྲིད་པར་མ་ཟད། རྒྱ་ནག་གི་དཔལ་འབྱོར་དེ་དུས་ནམ་ཡང་འཛམ་གླིང་གི་ཨང་གཉིས་པའི་གོ་གནས་ལ་འགྱུར་བ་མེད་པར་གནས་རྒྱུ་རེད་ཅེས་བརྗོད་འདུག

སྤྱི་ཟླ་༩ པའི་ཚེས་༢༧ ཉིན་འཛམ་གླིང་དངུལ་ཁང་གིས་སྤེལ་བའི་སྙན་ཐོ་ལས། ༢༠༢༢ ལོར་རྒྱ་ནག་གི་རྒྱལ་ཡོངས་ཐོན་སྐྱེད་སྤྱི་འབོར་གྱི་འཕེལ་ཚད་དེ་བརྒྱ་ཆའི་༢.༨ ལས་མེད་པ་དང་། དེ་ནི་དེ་སྔར་ཚོད་དཔག་བྱས་པའི་བརྒྱ་ཆའི་༥ ལས་ཧ་ཅང་ཉུང་ཉུང་ཡིན་ཞིང་། དེ་བཞིན་ལོ་རྗེས་མར་རྒྱ་ནག་གི་དཔལ་འབྱོར་ལ་མུ་མཐུད་ནས་དཀལ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་པ་དང་། འཕེལ་ཚད་དེ་ཡང་བརྒྱ་ཆའི་༤.༥ལས་བརྒལ་མི་སྲིད་པ་རེད་ཅེས་ཚོད་དཔག་བྱས་འདུག གཞན་ཡང་ཉེ་དུས་རྒྱལ་སྤྱིའི་མ་དངུལ་ལས་ཁུངས་གསུམ་གྱིས་རྒྱ་ནག་གི་དཔལ་འབྱོར་སྐོར་ལ་དེ་མཚུངས་ཀྱི་ཚོད་དཔག་བྱས་འདུག ཀའོ་ཧྲེང་བཟོ་ཚོང་ཁང་གིས་སྤེལ་བའི་སྙན་ཐོ་ལས། ༢༠༢༣ ལོར་རྒྱ་ནག་གི་རྒྱལ་ཡོངས་ཐོན་སྐྱེད་སྤྱི་འབོར་གྱི་འཕེལ་ཚད་དེ་བརྒྱ་ཆའི་༤.༥ ཡིན་ངེས་པ་དང་། དེ་ནི་ཚོད་དཔག་བྱས་པའི་བརྒྱ་ཆའི་༥.༣ ལས་ཉུང་བ་རེད་འདུག དེ་བཞིན་དུ་IHS ཞེས་པའི་རྒྱལ་སྤྱིའི་མ་དངུལ་ལས་ཁུངས་ཀྱིས་གཟའ་འཁོར་གོང་མའི་ནང་སྤེལ་བའི་སྙན་ཐོ་ཞིག་ལས། ༢༠༢༢ལོར་རྒྱ་ནག་གི་རྒྱལ་ཡོངས་ཐོན་སྐྱེད་སྤྱི་འབོར་གྱི་འཕེལ་ཚད་དེ་བརྒྱ་ཆའི་༣.༣ ལ་མར་ཆག་རྒྱུ་ཡིན་པ་དང་། དེ་ནས་༢༠༢༣ ལོར་རིམ་པས་བརྒྱ་ཆའི་༤.༥ ལ་སླེབས་རྒྱུ་རེད་འདུག རྒྱ་ནག་གཞུང་འབྲེལ་གྱིས་སྤེལ་བའི་གཞི་གྲངས་ལས། ད་ལོའི་དུས་ཚིགས་གཉིས་པའི་ནང་དུ་རྒྱ་ནག་གི་རྒྱལ་ཡོངས་ཐོན་སྐྱེད་སྤྱི་འབོར་གྱི་འཕེལ་ཚད་དེ་བརྒྱ་ཆའི་༠.༤ ཡིན་པ་དང་། དེ་ནི་དེ་སྔར་དཔལ་འབྱོར་རིག་པ་བ་ཚོས་ཚོད་དཔག་བྱས་པའི་བརྒྱ་ཆའི་༠.༨ ནས་བརྒྱ་ཆའི་༡་ལས་དམའ་བ་རེད་འདུག གཞན་ཡང་རྒྱ་ནག་གཞུང་འབྲེལ་གྱི་སྡོམ་རྩིས་ལས་ཁུངས་ཀྱིས་རྒྱ་ནག་ནང་ད་ལོའི་སྤྱི་ཟླ་༨ པའི་ནང་ལས་ཀ་ཤོར་བའི་གྲངས་འབོར་ནི་བརྒྱ་ཆའི་༥.༣ ཡིན་པ་དང་། དེའི་ནང་ནས་ལོ་ན་༡༦ ནས་༢༤ བར་ཡིན་པའི་མི་འབོར་ནི་བརྒྱ་ཆའི་༡༨.༧ ལ་ཟིན་ཡོད་པར་བརྗོད་འདུག

འདས་པའི་ལོ་༣༠ ལྷག་གི་རིང་ལ་རྒྱ་ནག་གི་རྒྱལ་ཡོངས་ཐོན་སྐྱེད་སྤྱི་འབོར་གྱི་འཕེལ་ཚད་ནི་ཨེ་ཤེ་ཡའི་རྒྱལ་ཁབ་གཞན་དག་ཁག་ལས་ཚད་མཐོན་པོ་ཡིན་ཡང་། ཉེ་དུས་ཨེ་ཤེ་ཡའི་གསར་སྤེལ་དངུལ་ཁང་གིས་སྤེལ་བའི་སྙན་ཐོ་ལས། ༢༠༢༢ དང་༢༠༢༣ ལོའི་རིང་རྒྱ་ནག་ཕུད་པའི་ཨེ་ཤེ་ཡའི་རྒྱལ་ཁབ་གཞན་ཁག་གི་དཔལ་འབྱོར་འཕེལ་ཚད་དེ་བརྒྱ་ཆའི་༥.༣ ཡིན་ཡང་༢༠༢༢ ལོར་རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་དེ་བརྒྱ་ཆའི་༣.༣ ཙམ་ལས་མེད་པ་དང་། དེ་བཞིན་༢༠༢༣ལོར་བརྒྱ་ཆའི་༤.༥ ཡིན་ངེས་པ་རེད་ཅེས་དེ་སྔོན་རྒྱ་ནག་གི་དཔལ་འབྱོར་འཕེལ་ཕྱོགས་ལ་དེང་སང་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་པ་གསལ་སྟོན་གནང་འདུག དེ་བཞིན་དུ་འཛམ་གླིང་དངུལ་ཁང་གིས་གཟའ་འཁོར་འདིའི་ནང་སྤེལ་བའི་སྙན་ཐོ་གསར་པ་ཞིག་ལས། ༢༠༢༢ ལོའི་ལོ་སྟོད་དུ་ཨེ་ཤེ་ཡའི་ཤར་རྒྱུད་དང་། ཞི་བདེ་རྒྱ་མཚོའི་ཁུལ་གྱི་རྒྱལ་ཁབ་ཕལ་མོ་ཆེར་དཔལ་འབྱོར་གོང་འཕེལ་ཕྱིན་ཡོད་ཀྱང་། རྒྱ་ནག་གི་དཔལ་འབྱོར་ལ་ཡར་རྒྱས་ཕྱིན་ཡོད་པའི་རྟགས་མཚན་གང་ཡང་མེད་པ་རེད།

ཉེ་དུས་ཝོ་སི་ཀྲེཊ་ཉིན་རེའི་ཚགས་ཤོག་གིས་གནས་ཚུལ་སྤེལ་གསལ་ལ། འདས་པའི་ལོ་གཅིག་གི་ནང་རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་ཇེ་དལ་དུ་ཕྱིན་ཡོད་པའི་རྐྱེན་ལས། དཔལ་འབྱོར་རིག་པ་བ་མང་པོ་ཞིག་གིས་འབྱུང་འགྱུར་རྒྱ་ནག་གི་དཔལ་འབྱོར་དེ་ཨ་རི་ལས་བརྒལ་མི་སྲིད་པའི་ཚོད་དཔག་བྱེད་བཞིན་འདུག ཨ་མེ་རི་ཁའི་ནོར་སྲིད་ལས་ཁུངས་ཀྱི་འགན་འཛིན་ཟུར་པ་སཱ་མོ་སིས་མི་ཚོས་དེ་སྔར་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་སྐོར་གྱི་ཚོད་དཔག་དེ་ནི་ལོ་རབས་༦༠ པའི་ནང་ཨུ་རུ་སུའི་དཔལ་འབྱོར་ཨ་རི་ལས་བརྒལ་རྒྱུ་དང་། དེ་བཞིན་ལོ་རབས་༩༠ ནང་ཉི་ཧོང་གི་དཔལ་འབྱོར་ཨ་རི་ལས་བརྒལ་རྒྱུའི་ཚོད་དཔག་བྱས་པ་དང་གཅིག་མཚུངས་ཡིན་པར་འདོད་དེ། ཁོང་གིས་ཚོད་དཔག་དེ་ཚོ་ད་ལྟ་བསམ་བློ་བཏང་ན་ཁུངས་ལུང་མེད་པར་ཁྱད་མཚར་པོ་ཞེ་དྲག་རེད་ཅེས་བརྗོད་འདུག དེ་བཞིན་དུ་དབྱིན་ཇིའི་ནང་དཔལ་འབྱོར་རིག་པ་བ་ཞེས་པའི་དུས་དེབ་ལས་སྤེལ་བའི་དཔྱད་བརྗོད་ཅིག་ལས། དུས་རབས་འགའ་ཤས་སྔོན་ལ་རྒྱ་ནག་ནི་འཛམ་གླིང་ཐོག་དཔལ་འབྱོར་གྱི་གྲུབ་ཆ་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་ཡང་། དེང་སྐབས་རྒྱ་ནག་ལ་དཀའ་ངལ་མང་པོ་འཕྲད་བཞིན་པའི་རྐྱེན་ལས། རྒྱ་ནག་གི་དཔལ་འབྱོར་ཨ་མེ་རི་ཁའི་གནས་ཚད་ལས་ཡར་བརྒལ་ཐུབ་པའི་ཉིན་མོ་ནི་དུས་ནམ་ཡང་ཤར་ཐུབ་ཀྱི་མ་རེད་ཅེས་ཚོད་དཔག་བྱས་འདུག
དེ་ཡང་རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་ཇེ་དལ་དུ་ཕྱིན་པའི་རྒྱུ་རྐྱེན་གཙོ་བོ་ནི། ཉེ་བའི་ལོ་ཤས་རིང་རྒྱ་ནག་རྒྱལ་ཡོངས་སུ་ས་ཁང་ལས་རིགས་མང་ཆེ་བ་སྦོ་ལུག་ཡོད་པས། ས་གནས་སྲིད་གཞུང་ལ་ནོར་སྲིད་ཀྱི་ཡོང་འབབ་ཉུང་དུ་ཕྱིན་ཡོད་པ་དང་། དེ་བཞིན་དེང་སང་རྒྱ་ནག་ནང་ཕྲུ་གུ་སྐྱེས་ཚད་ཉུང་དུ་ཕྱིན་པ་དེ་གཉིས་ལ་ཐུག་ཡོད་པར་འགྲེལ་བརྗོད་བྱེད་བཞིན་འདུག རྒྱ་ནག་ནང་གི་འཛམ་གླིང་དངུལ་ཁང་གི་སྐུ་ཚབ་ཟུར་པ་བྷེ་ཐེ་ཧོ་མན་གྱིས་བརྗོད་དོན་ལ། རྒྱ་ནག་ལ་ད་ལྟ་ཕྲུ་གུ་སྐྱེས་ཚད་དང་ངལ་རྩོལ་བ་ཇེ་ཉུང་དུ་ཕྱིན་པ་དང་། རྒན་འཁོགས་ཀྱི་གྲངས་འབོར་ཇེ་མང་དུ་ཕྱིན་པ། ཐོན་སྐྱེད་འཕེལ་ཚད་ཇེ་དལ་དུ་ཕྱིན་པ་སོགས་སྤྱི་ཚོགས་སྒྲིག་གཞིའི་ཐོག་ནས་དཀའ་ངལ་མང་དག་ཅིག་འཕྲད་བཞིན་པ་རེད་ཅེས་བརྗོད་འདུག དེ་བཞིན་དུ་ཝེ་སི་ཁང་སན་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དབྱི་ཧྥུ་ཞན་གྱིས་རྒྱ་ནག་གི་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་དེས་རྒྱ་ནག་གི་དཔལ་འབྱོར་དེ་ཨ་རི་ལས་བརྒལ་མི་ཐུབ་པ་བཟོས་ཡོད་ཅེས་དེ་སྔར་༢༠༡༦ ལོ་ནས་ཉེན་བརྡ་བཏང་འདུག སྐབས་དེར་རྒྱ་ནག་གི་རྒྱལ་ཡོངས་ཐོན་སྐྱེད་སྤྱི་འབོར་གྱི་འཕེལ་ཚད་དེ་ལོ་རེ་རེར་བརྒྱ་ཆའི༧ ལ་སླེབས་ཡོད་པ་རེད།

ཧཱ་ཏེ་སན་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་དྷ་སི་བྷེར་ཀིས་༢༠༢༡ ལོར་ཨ་རིའི་ནང་གི་མི་རེའི་ཆ་སྙོམས་ཡོང་འབབ་ཀྱི་ཚད་ནི། རྒྱ་ནག་མི་ཚོའི་ཡོང་འབབ་ལས་ལྡབ་ལྔ་ཙམ་ཡིན་པས། རྒྱ་ནག་གི་རྒྱལ་ཡོངས་ཀྱི་ཐོན་སྐྱེད་སྤྱི་འབོར་གྱི་འཕེལ་ཚད་དེ་ལོ་རེ་རེར་བརྒྱ་ཆའི་༥ རེ་ཡིན་པ་ཆ་བཞག་ནའང་། ༢༠༢༧ ལོར་ཨ་རི་བ་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་དེ་རྒྱ་ནག་མི་ཚོ་ལས་ལྡབ་བཞི་དང་ཕྱེད་ཀ་ཙམ་གྱི་རེད། དེ་བས་རྒྱ་ནག་གི་མི་རེའི་ཆ་སྙོམས་ཡོང་འབབ་དེ་དུས་ནམ་ཡིན་ཡང་ཨ་རི་བ་ཚོའི་རྗེས་ཟིན་མི་སྲིད་པ་གཏན་འཁེལ་རེད་ཅེས་བརྗོད་འདུག