གར་སོང་ཆ་མེད་སོང་བའི་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ནས་ཕྱིར་འབུད་བཏང་བ་དེ་དམའ་རིམ་ལས་ཀར་སྤབ།

༢༠༢༣ལོར་གར་སོང་ཆ་མེད་དུ་སོང་བ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཅིན་ཀང་

Your browser doesn’t support HTML5

གར་སོང་ཆ་མེད་སོང་བའི་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ནས་ཕྱིར་འབུད་བཏང་བ་དེ་དམའ་རིམ་ལས་ཀར་སྤབ།

མཚན་སྨྲོས་གནང་འདོད་མེད་པའི་ཨ་རིའི་དཔོན་རིགས་ཟུར་པ་གཉིས་ཀྱིས་གསུངས་གསལ་ལ། སྔར་ལོ་ཕྱི་ལོ་༢༠༢༣ལོར་གར་སོང་ཆ་མེད་དུ་སོང་བ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཅིན་ཀང་དེང་སང་ཡུལ་དེའི་ཕྱི་སྲིད་ལྷན་ཁང་དང་འབྲེལ་བ་ཡོད་པའི་འཛམ་གླིང་ལས་དོན་གྱི་དཔར་བསྐྲུན་ཁང་ནང་དམའ་རིམ་གྱི་ལས་ཀ་ཞིག་བྱེད་ཀྱི་ཡོད་རེད་ཅེས་འགྲེལ་བརྗོད་བྱས་འདུག

ཨ་རིའི་དཔོན་རིགས་ཟུར་པ་དེ་ཚོས་དབྱིན་ཇིའི་དཔལ་འབྱོར་གྱི་གསར་ཤོག་ལ་གསུངས་གསལ་ལ། རྒྱ་གཞུང་གིས་འདི་ལོའི་དཔྱིད་དུས་སུ་གོ་གནས་ནས་སྤབ་པ་རེད་ཅེས་འགྲེལ་བརྗོད་བྱས་འདུག་པ་དང་། ཨ་རིའི་དཔོན་རིགས་དེ་ཚོས་“རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཟུར་པ་ཅིན་ཀང་དེང་སང་བཙོན་ཁང་ནང་མེད་ཀྱང་། ཁོ་པའི་མི་ཚེའི་མདུན་ལམ་དེ་རྫོགས་པ་ཞིག་རེད་”ཅེས་གསུངས་འདུག

ཨ་རིའི་དཔོན་རིགས་དེ་གཉིས་ནས་གཅིག་གིས་བརྗོད་དོན་ “ཁོ་པའི་གནས་རིམ་མར་སྤབ་པ་དེ་ནི་ཡུལ་དེའི་དཔོན་རིགས་གཞན་པ་ཚོར་ཉེན་བརྡ་བཏང་བ་ཞིག་ཡིན་རེད་”ཅེས་གསུངས་འདུག

རང་ལོ་༥༨ཡིན་པ་ཅིན་ཀང་ནི། སྐབས་གཅིག་ལ་ཡུལ་དེའི་དབང་ཤུགས་ཆེ་བའི་དཔོན་རིགས་ཤིག་དང་། སྲིད་འཛིན་ཞི་ཅིན་ཕིང་གིས་ཡིད་ཆེས་བློ་འགེལ་བྱེད་སའི་དཔོན་རིགས་ཤིག་ཡིན་པས་ཁོ་པ་གཞན་དང་མི་འདྲ་བའི་དུས་ཚོད་ཐུང་ཐུང་ཞིག་གི་ནང་ཡུལ་དེའི་ཕྱི་སྲིད་བློན་ཆེན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚོགས་མི་ཞིག་ཆགས་པ་རེད།

ཅིན་ཀང་ནི་ཡུལ་དེའི་ཕྱི་འབྲེལ་ཐབས་བྱུས་ཀྱི་ཐོག་ཡ་ཡུག་ཆེ་བའི་ཐབས་བྱུས་ལག་བསྟར་བྱེད་མཁན་དཔོན་རིགས་ཤིག་ཡིན་པས་ཁོ་པ་དུས་ཚོད་ཐུང་ཐུང་ཞིག་གི་ནང་ཡུལ་དེའི་ཕྱི་སྲིད་བློན་དང་རྒྱལ་སྲིད་སྤྱི་ཁབ་ཁང་གི་ཚོགས་མི་ཆགས་ཡོད་པ་རེད།

ཡིན་ན་ཡང་། ཅིང་ཀང་གོ་གནས་དེ་དག་ལ་མགྱོགས་པོར་འཕར་ཡོད་པ་ནང་བཞིན་གོ་གནས་དེ་དག་ནས་གློ་བུར་དུ་མར་ཟག་པ་དང་། སྔར་ལོའི་ཕྱི་ཟླ་༦པའི་ནང་གར་སོང་ཆ་མེད་དུ་གྱུར་རྗེས་འདི་ལོའི་ཕྱི་ཟླ་གཉིས་པའི་ནང་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མིའི་གོ་གནས་ནས་དགོངས་ཞུ་བྱས་འདུག

ཨ་རིའི་ཉིན་རེའི་གསར་ཤོག་ཝཱལ་སི་ཊིད་ཀྱིས་ཅིན་ཀང་དེ་སྔོན་ཨ་རིའི་རྒྱལ་ས་ཝཱ་ཤིང་ཌན་ནང་རྒྱ་ནག་གི་གཞུང་ཚབ་ཆེན་མོ་བྱས་སྐབས་རང་གི་བཟའ་ཟླ་མ་ཡིན་པའི་བེུད་ཞིག་དང་ལུས་འབྲེལ་བྱས་ཡོད་པ་སོགས་ཀྱི་གནས་ཚུལ་སྤེལ་ཡོད་པ་སོགས་ཅིན་ཀང་གི་སྐོར་ལ་འཆལ་གཏམ་མང་པོ་འཕེལ་བའི་རྐྱེན་གྱིས་མཐའ་འཇུག་ཏུ་ཕྱི་སྲིད་བློན་ཆེན་གྱི་གོ་གནས་ནས་ཕྱིར་འབུད་བྱུང་སྟེ། ཡུལ་དེའི་ཕྱི་སྲིད་བློན་ཆེན་ཟུར་པ་ཝང་ཡི་སླར་ཡང་ཕྱི་སྲིད་བློན་ཆེན་དུ་བསྐོ་གཞག་བྱུང་བ་རེད།

དབྱིན་ཇིའི་དཔལ་འབྱོར་གྱི་ཉིན་རེའི་གསར་ཤོག་གཅིག་གིས་བཀོད་པའི་གནས་ཚུལ་ལྟར་ན། ཅིན་ཀང་གིས་རང་ཉིད་ཀྱི་བཟའ་ཟླ་མ་ཡིན་པའི་བེུད་གཅིག་དང་འབྲེལ་བ་བྱེད་ས་དེ་ནི་རྒྱ་ནག་གི་བརྙན་འཕྲིན་གྱི་ལས་རིམ་གཙོ་སྐྱོང་བ་ཕུ་ཤི་ཏི་ཡན་ཡིན་པ་དང་། ཅིན་ཀང་ཝ་ཤིང་ཊན་ནང་རྒྱ་ནག་གི་གཞུང་ཚབ་བྱས་སྐབས་ཁོ་པའི་གྲོགས་མོ་ཕུ་ཡིས་བེུད་གཞན་ཞིག་ལ་ཁོ་མོའི་ཕྲུ་གུ་སྐྱེས་བཅུག་ཡོད་པ་རེད། དབྱིན་ཇིའི་ཉིན་རེའི་གསར་ཤོག་དེས་གནས་ཚུལ་དེ་བདེན་པ་ཡིན་མིན་དབྱིན་ཇིའི་རྒྱལ་ས་ལན་ཌན་ནང་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་ལ་དྲི་བརྩད་བྱས་སྐབས་རྒྱ་ནག་གི་གཞུང་ཚབ་ཁང་གིས་དེར་ལན་འདེབས་བྱ་རྒྱུར་མོས་མཐུན་བྱས་མེད་པའི་གནས་ཚུལ་ཐོན་འདུག

ཝ་ཤིན་ཌོན་པོ་སཊ་དང་དཔལ་འབྱོར་ཚགས་པར་ནས་བཏུས།

གསར་འགོད་པ། ཕུན་ཚོགས་ཚེ་རིང་།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།