རྒྱ་ནག་གིས་དཔལ་འབྱོར་ཉམས་ཆག་གི་གནས་སྟངས་ཁྲོད་ནས་ཚོགས་ཆེན་གཉིས་ལ་གྲ་སྒྲིག།

རྒྱ་ནག་གི་མཐོ་རིམ་སྲིད་དོན་མི་སྣ་དང་འཐུས་མི་སོགས་མི་གྲངས་སྟོང་ཕྲག་འགའ་ཤས་བདུན་ཕྲག་འདིར་པེ་ཅིང་དུ་ལྷན་འཛོམས་ཐོག། རྒྱ་ནག་གི་ལོ་རེའི་འཆར་ཅན་གྱི་མི་དམངས་འཐུས་མི་ཚོགས་ཆེན་དང་ཆབ་སྲིད་གྲོས་མོལ་ཚོགས་འདུ་ཞེས་ཚོགས་ཆེན་གཉིས་སུ་གྲགས་པ་དེ་འགོ་འཛུགས་བྱ་རྒྱུ་ཡིན་པ་རེད།

ཚོགས་ཆེན་གཉིས་ཞེས་པ་དེ་ནི་རྒྱུན་སྲོལ་ལྟར་ན། རྒྱ་ནག་གཞུང་གི་ལོ་དེའི་སྲིད་བྱུས་བང་རིམ་སྒྲིག་སྟངས་རགས་རིམ་ཞིག་མཚོན་ཞིང་། སྤྱི་ཟླ་༣ པའི་ཚེས་༤ ཉིན་གྱི་རྒྱ་ནག་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ལོ་འཁོར་ཚོགས་འདུ་ནས་འགོ་འཛུགས་ཀྱིས། དེ་རྗེས་སྤྱི་ཟླ་༣ པའི་ཚེས་༥ ཡི་ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལོ་འཁོར་ཁྲིམས་འཛུགས་ཚོགས་ཆེན་ཚུགས་ཏེ། དེར་རྒྱ་ནག་གི་སྲིད་བློན་ལི་ཆང་གིས་གཞུང་གི་ལས་སྡོམ་སྙན་ཐོ་དང་པོ་དེ་སྙན་གསེང་ཞུ་དགོས་པ་རེད།

ལོ་རེའི་རྒྱ་ནག་གི་དམར་ཤོག་ཚོགས་ཆེན་གཉིས་ཞེས་པ་ནི་རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་དང་རྒྱ་ནག་ཆབ་སྲིད་རྒྱུན་ལས་ཚོགས་འདུ་གཉིས་ཡིན་ཞིང་། དེ་ལ་རྒྱ་ནག་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཞེས་པ་དང་། རྒྱ་ནག་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་འཐུས་མི་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཞེས་འབོད་བཞིན་ཡོད་ཅིང་། གོང་ཞུས་ལྟར་ཚོགས་འདུ་འདི་གཉིས་སྤྱི་ཟླ་༣ པའི་ཚེས་༤ ནས་དང་ཚེས་༥ ཉིན་ནས་རིམ་པས་འཚོགས་ཀྱི་ཡོད་པ་རེད།

འདས་པའི་ལོ་གཅིག་རིང་ལ་རྒྱ་ནག་གི་དཔལ་འབྱོར་ལ་ཉམས་རྒུད་ཚབས་ཆེ་བྱུང་བ་དང་། རྒྱ་ནག་དམར་ཤོག་ཚོགས་པའི་ནང་ཁུལ་གྱི་སྲིད་དོན་བརྟན་བརླིང་མེད་ཅིང་ཟང་ཟིང་ཆེ་བའི་གནས་སྟངས་འོག་གནད་དོན་དབྱེ་ཞིབ་པ་འགའ་ཤས་ལྟར་ན། ད་ལོའི་ཚོགས་འདུ་ལས་རྒྱ་ནག་གཞུང་གིས་དཔལ་འབྱོར་གྱི་འགྲན་སློང་ཐད་འཛིན་པའི་རྣམ་འགྱུར་དང་། རྒྱལ་ཁབ་བདེ་འཇགས་ཀྱི་སྐོར། དེ་བཞིན་ཐེ་ཝན་མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་ལམ་གྱི་སྐོར་དང་། དེ་ལས་གཞན་པའི་ལས་ཚན་བསྐོ་བཞག་སོགས་ཀྱི་ཐད་བརྗོད་གཞི་གཙོ་བོ་མངོན་སྲིད་པ་རེད།

གནད་དོན་དབྱེ་ཞིབ་པ་མང་པོ་ཞིག་གིས་རྒྱ་ནག་གཞུང་གིས་ད་ལྟའི་དཔལ་འབྱོར་ཉམས་རྒུད་འདི་ལ་གཞི་རྒྱ་ཆེ་བའི་བསྐྱར་གསོའི་གྲོས་གཞི་ཞིག་འདོན་རྒྱུ་མིན་པ་ཚོད་དཔག་བྱེད་བཞིན་པ་རེད། སྤྱིར་རྒྱ་ནག་ཏུ་ས་ཁང་ཚོང་ལས་ཀྱི་དཀའ་ངལ་ཡོད་པ་དང་། དངུལ་འཛིན་དཀའ་ངལ་ཇེ་སྡུག་ཏུ་འགྲོ་བཞིན་པ། མ་རྐང་ཁྲོམ་རའི་རིན་གོང་ལ་ཆག་འཇིག་བྱུང་བ། ས་གནས་གཞུང་གི་ནོར་སྲིད་ཐད་བུ་ལོན་གྱི་དཀའ་ངལ་ཇེ་ཆེར་འགྲོ་བཞིན་པ་བཅས་ཀྱིས་རྒྱ་ནག་གི་འགོ་ཁྲིད་ཚོར་གནོན་ཤུགས་ཆེན་པོ་ཞིག་སྤྲད་ཡོད་པ་དང་། ཁོ་ཚོས་ཕུགས་རྒྱང་རིང་པོའི་དཔལ་འབྱོར་གྱི་རྨང་གཞི་བརྟན་པོ་ཞིག་འཛུགས་རྒྱུའི་སྲིད་ཇུས་གལ་ཆེན་པོ་ཞིག་ཐག་གཅོད་བྱ་དགོས་པར་གནོན་ཤུགས་ཡོང་གི་ཡོད་པ་རེད།

ཨོ་སི་ཁྲི་ལི་ཡའི་རྒྱལ་གཉེར་གཙུག་ལག་སློབ་གྲྭ་ཆེན་མོའི་སྲིད་དོན་རིག་པའི་ཆེད་མཁས་པ་སུང་ཝན་ཌི་ལགས་ཀྱིས་ཞལ་པར་བརྒྱུད་ནས་ཨ་རིའི་རླུང་འཕྲིན་ཁང་ལ་གསུངས་དོན་དུ། དཔལ་འབྱོར་གྱི་དཀའ་ངལ་མུ་མཐུད་ནས་བྱུང་དང་འབྱུང་བཞིན་པ་དང་བསྟུན་ནས། རྒྱ་ནག་དམར་ཤོག་ཚོགས་པའི་སྣེ་ཡོད་ཚོས་ཚོགས་ཆེན་གཉིས་ཞེས་པ་བརྒྱུད་དེ། དམར་ཤོག་ཚོགས་པའི་ནང་ཁུལ་ལྟ་བ་རྩེ་མཐུན་གྱིས་དངོས་ཡོད་གནས་སྟངས་ལ་མཐུན་པའི་སྲིད་ཇུས་འདོན་ཐུབ་མིན་དེ། དམར་ཤོག་ཚོགས་པའི་ནང་ཁུལ་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་ལམ་གཅིག་གྱུར་གྱི་ཚད་ཇི་ཙམ་ལ་སླེབས་ཡོད་མེད་ཀྱི་རྒྱ་མ་ཚད་བྱེད་གལ་ཆེན་ཞིག་ཡིན་པ་རེད།

༢༠༢༢ ལོའི་ལོ་མཇུག་ཏུ་ཏོག་དབྱིབས་ནད་ཡམས་གཙང་སེལ་གྱི་སྲིད་ཇུས་ཐལ་ཆ་ཅན་དེ་ལྷོད་ཡངས་བཏང་བ་ནས་བཟུང་། ས་ཁང་ཐོན་ལས་རྐུབ་བརྡིབ་པ་དང་། ན་གཞོན་ལས་ཤོར་བའི་གྲངས་འབོར་ལོ་རྒྱུས་ནང་མང་ཤོས་ཆགས་པ། མཛད་སྤྱོད་པ་དང་ཁྱིམ་ཚང་གི་ཡིད་ཆེས་ཚད་དམའ་ཤོས་སུ་སླེབས་པ། ཕྱི་རྒྱལ་དུ་ཚོང་མཁོ་ཆུང་དུ་ཕྱིན་པ་སོགས་ཐེ་བའི་རྒྱ་ནག་གི་དཔལ་འབྱོར་ལ་འགྲན་སློང་སྣ་ཚོགས་ཤིག་འཕྲད་ཡོད་པ་རེད། དེ་བཞིན་ན་ནིང་ལོར་དཔལ་འབྱོར་ཉམས་རྒུད་དུ་ཕྱིན་རྗེས་༢༠༢༤ ལོའི་ལོ་མགོར་རྒྱ་ནག་གི་མ་རྐང་ཁྲོམ་རའི་ཚད་དེ་ཡང་ལོ་ལྔའི་རིང་ལ་ཚད་དམའ་ཤོས་སུ་མར་ཆག་ཡོད་པ་རེད། གནད་དོན་དབྱེ་ཞིབ་པ་ཚོས་གནས་སྟངས་རྒྱབ་ལྗོངས་དེ་འདྲའི་འོག་ནས་ཀྱང་རྒྱ་ནག་གཞུང་གིས་ཚོགས་ཆེན་གཉིས་ཀྱི་སྐབས་སུ་དཔལ་འབྱོར་གྱི་སྒྲོམ་གཞི་སྤྱི་ལ་འགྱུར་བ་འགྲོ་བའི་བཅོས་བསྒྱུར་བྱ་མི་སྲིད་པའི་ཚོད་དཔག་བྱས་འདུག།

གནད་དོན་དབྱེ་ཞིབ་པ་ཁ་ཅིག་ལྟར་ན། རྒྱལ་ཁབ་བདེ་འཇགས་དེ་སྔར་བཞིན་ད་ལོའི་ཚོགས་ཆེན་གཉིས་ཀྱི་བརྗོད་གཞི་གཙོ་བོ་ཆགས་རྒྱུ་ཡིན་པ་དང་། བདུན་ཕྲག་འདིའི་སྔ་ཤས་ཙམ་ལ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ལྷན་ཚོགས་ཀྱིས་རྒྱལ་ཁབ་གསང་བ་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་ལ་བསྐྱར་བཅོས་བྱས་ཏེ། རྒྱལ་ཁབ་བདེ་འཇགས་ཀྱི་ཉེན་ཁའི་ཁྱབ་ཚད་ཇེ་ཆེར་བཏང་ཡོད་པ་རེད། ཐེ་ཝན་རྒྱལ་གཉེར་སྲིད་དོན་གཙུག་ལག་སློབ་གྲྭ་ཆེན་མོའི་ཆེད་མཁས་པ་ཝང་ཤིན་ཞན་ལགས་ཀྱིས་ཨ་རིའི་རླུང་འཕྲིན་ཁང་གི་བཅར་འདྲི་དང་ལེན་གནང་སྐབས་སུ། ཞི་ཅིན་ཕིང་གིས་རྟག་པར་རྒྱལ་ཁབ་བདེ་འཇགས་ཨང་དང་པོར་འཛིན་པའི་འཛིན་སྐྱོང་གི་ལམ་ལུགས་ཤིག་ལག་བསྟར་གཏོང་གིན་འདུག། རྒྱུ་མཚན་དེར་བརྟེན་ནས། དཔལ་འབྱོར་གྱི་སྲིད་ཇུས་དེ་ད་ལོའི་ཚོགས་ཆེན་གཉིས་ཀྱིས་དོ་སྣང་བྱ་ཡུལ་གཙོ་བོ་ཞིག་ཡིན་ཡང་། རྒྱ་ནག་གཞུང་གིས་སྔར་བཞིན་དཔལ་འབྱོར་གྱི་གནད་དོན་དེ་རྒྱལ་ཁབ་བདེ་འཇགས་དང་མཐུན་འགྲིག་ངང་གོང་འཕེལ་གཏོང་དགོས་པའི་སྐོར་གླེང་སློང་བྱ་རྒྱུ་རེད་ཅེས་གསུངས་འདུག།

སྤྱི་ཟླ་༢་ཚེས་༢༧་ཉིན་ཁྲིམས་ལུགས་བསྐྱར་བཅོས་ཀྱི་བྱེད་སྟངས་དེ་ནི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་རྒྱལ་ཁབ་བདེ་འཇགས་ལ་དོ་སྣང་ཆེན་པོ་སྤྲོད་བཞིན་ཡོད་པའི་དཔེ་མཚོན་གསར་ཤོས་ཤིག་ཆགས་ཡོད་ཅིང་། འདས་པའི་ལོ་ཤས་རིང་། རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་དང་གཞི་གྲངས་མཉམ་སྤྱོད་སྐོར་གྱི་ཁྲིམས་ལུགས་ལ་ཤུགས་སྣོན་བརྒྱབ་ཡོད་པ་དང་དུས་མཚུངས་སུ། ཚོང་ལས་ལ་ཁ་གཡར་ནས་རྒྱ་ནག་ཏུ་གསང་མྱུལ་གྱི་ལས་འགུལ་འདྲ་མིན་སྤེལ་མཁན་ཚོ་ལ་ཉེན་བརྡ་རིམ་པར་བཏང་བ་དང་། ལྷག་པར་དུ་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་ཞེས་པ་དེས་ཕྱི་རྒྱལ་གྱི་ཚོང་པ་དང་མ་རྩ་བ་ཚོ་ལ་བློ་མི་བདེ་བ་ཆགས་བཅུག་ཡོད་ཅིང་། རྒྱ་ནག་གི་ཕྱིའི་རྒྱལ་ཁབ་ཁག་ནང་མ་རྩ་འཛུགས་འཇོག་གི་ཚད་དེ་ཡང་འདས་པའི་མི་ལོ་༣༠ རིང་ཚད་དམའ་ཤོས་ལ་སླེབས་ཡོད་པའི་སྐབས་དེར་ཁྲིམས་ལུགས་དེ་འདྲ་ལག་ལེན་བསྟར་བ་ཡིན་ན་རྒྱ་ནག་གི་དཔལ་འབྱོར་གྱི་དཀའ་ངལ་དེ་ཆེ་རུ་གཏང་སྲིད་པ་རེད་འདུག།

གནད་དོན་དབྱེ་ཞིབ་པ་འགའ་ཞིག་གིས་ད་དུང་ཐེ་ཝན་གྱི་གནད་དོན་སྒང་ནས་ད་ལན་གྱི་ཚོགས་ཆེན་གཉིས་ཀྱི་ལངས་ཕྱོགས་དང་བརྗོད་ཚིག་རྣམས་གལ་འགངས་ཆེན་པོ་ཆགས་ཡོད་པ་བརྗོད་འདུག། ཐེ་ཝན་གྱི་གཞུང་འཛིན་གསར་པ་དེ་སྤྱི་ཟླ་༥ པའི་ནང་སླེབས་ཀྱི་ཡོད་པར་བརྟེན། ཚོགས་ཆེན་གཉིས་ཀྱི་སྐབས་སུ་རྒྱ་ནག་གིས་མཚོ་འགག་ཕྱོགས་གཉིས་ཀྱི་ཐད་འཛིན་པའི་ལངས་ཕྱོགས་དང་བརྗོད་ཚིག་རྣམས་གལ་ཆེན་ཆགས་ཡོད་ཅིང་། ཉེ་བའི་ཟླ་ཤས་རིང་ལ་རྒྱ་ནག་གཞུང་གིས་ཡང་ནས་བསྐྱར་དུ་ཐེ་ཝན་གྱི་འདེམས་ཐོན་སྲིད་འཛིན་གསར་པ་ལེ་ཆིང་ཏེ་ལགས་དེ་བཞིན་ཁ་བྲལ་རིང་ལུགས་པ་ཡིན་ལུགས་དང་། རྒྱ་ནག་གིས་ཐེ་ཝན་རང་བཙན་ལ་མཐའ་གཅིག་ཏུ་འཐབ་རྩོད་བྱ་རྒྱུ་ཡིན་པའི་གཏམ་བརྗོད་སྤེལ་བཞིན་པ་རེད། ཐེ་ཝན་རྒྱལ་གཉེར་སྲིད་དོན་གཙུག་ལག་སློབ་གྲྭ་ཆེན་མོའི་ཆེད་མཁས་པ་ཝང་ཤིན་ཞན་ལགས་ཀྱིས། རྒྱ་ནག་གི་འགོ་ཁྲིད་ཚོས་གཞུང་གི་ལས་སྡོམ་སྙན་ཐོའི་ནང་ཐེ་ཝན་གྱི་གནད་དོན་དེ་གླེང་སློང་ཇི་ལྟར་བྱེད་མིན་དང་། རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་བྲལ་ལ་ངོ་རྒོལ་གྱི་ཁྲིམས་ལུགས་ལ་བཅོས་བསྒྱུར་གཏོང་བའི་ཐག་གཅོད་ཡོད་མེད་སོགས་ལ་དོ་སྣང་བྱ་དགོས། ཁྲིམས་ལུགས་དེའི་ནང་ལ་ཐེ་ཝན་ཐོག་ཞི་བའི་ཐབས་ལམ་མ་ཡིན་པའི་བྱེད་བབ་ལག་ལེན་བསྟར་རྒྱུའི་དོན་ཚན་འཁོད་ཡོད་པ་རེད་ཅེས་དང་། པེ་ཅིང་གིས་མཚོ་འགག་ཕྱོགས་ཀྱི་འབྲེལ་ལམ་ཐད་སྲིད་ཇུས་གསར་པའི་བྱེད་ཐབས་ཕལ་ཆེར་ཡོད་མི་སྲིད་པ་རེད་ཅེས་གསུངས་འདུག།

Your browser doesn’t support HTML5

རྒྱ་ནག་གིས་དཔལ་འབྱོར་ཉམས་ཆག་གི་གནས་སྟངས་ཁྲོད་ནས་ཚོགས་ཆེན་གཉིས་ལ་གྲ་སྒྲིག