Your browser doesn’t support HTML5
རྒྱ་ནག་དམར་ཤོག་གི་ཚོགས་ཆེན་ཉི་ཤུ་པ་ཞེས་པའི་མཇུག་བསྡུའི་མཛད་སྒོ་ཐོག་ལ་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཟུར་པ་ཧུའུ་ཅིང་ཐའོ་ཚོགས་ཁང་ནང་ནས་ཕྱི་ལོགས་སུ་བཙན་ཁྲིད་བྱས་པ་དང་། ལྷག་པར་དུ་ཧུའུ་ཅིང་ཐའོ་མདུན་གྱི་ཡིག་ཆའི་སྐོར་ལ་ཉེ་ཆར་ཐེ་ཐེར་དྲ་ལམ་ཐོག་མི་ཚོས་དོ་སྣང་དང་གླེང་སློང་ཤུགས་ཆེ་བྱེད་བཞིན་པའི་གནས་ཚུལ་ཐོན་འདུག
CNAགསར་ཁང་གིས་སྤེལ་བའི་ཚོགས་ཆེན་ཉི་ཤུ་པའི་སྐོར་གྱི་བརྙན་པར་གསར་ཤོས་ལ་གཞིགས་ན། ཧུའུ་ཅིང་ཐའོ་ཚོགས་ཁང་ནས་ཕྱི་ལོགས་སུ་བཙན་ཁྲིད་བྱེད་དོན་གཙོ་བོ་ནི། ཁོའི་མདུན་གྱི་ཡིག་ཆ་དེ་དང་ཁར་ཐུག་འབྲེལ་བ་ཡོད་པ་ཞིག་སྟེ། ཧུའུ་ཅིང་ཐའོ་ཡིས་ཡིག་ཆ་དེ་ཐེངས་འགའ་བལྟ་ཐབས་བྱས་ཡོད་ཀྱང་། འཁྲིས་ལ་སྡོད་མཁན་ལི་ཀྲན་ཧྲུའུ་དང་། ཞི་ཅིང་ཕིང་གཉིས་ཀྱིས་བཀག་ཐབས་བྱས་ཏེ། ཁོ་ཚོའི་དབར་ཡིག་ཆ་དེའི་སྐོར་ནས་ཀ་ཀོར་ཐེངས་འགའ་བྱས་རྗེས། ཞི་ཅིང་ཕིང་གིས་བདེ་སྲུང་མི་སྣ་འདྲ་པོ་ཞིག་སྐད་བཏང་ནས་ལྐོག་ཏུ་སྐད་ཆ་འགའ་ཤས་བཤད་རྗེས། བདེ་སྲུང་མི་སྣ་དེ་ཧུའུ་ཅིང་ཐའོ་ཡི་འཁྲིས་ལ་ཆས་ནས་ཧུའུ་ཅིང་ཐའོ་ཡི་མཆན་འོག་ནས་ཡར་བཀྱག་ཐབས་བྱས་ཀྱང་། ཧུའུ་ཅིང་ཐའོ་ཡར་ལངས་མེད་པར་མཐར་མི་གཉིས་ཀྱིས་ཧུའུ་ཅིང་ཐའོ་ཚོགས་ཁང་ནས་ཕྱི་ལོགས་སུ་བཙན་ཁྲིད་བྱས་ཡོད་པ་རེད།
ཁར་ནེ་གྷིའེCarnegieརྒྱལ་སྤྱིའི་ཞི་བདེ་ཐེབས་རྩ་ཚོགས་པའི་འགན་འཛིན་ཕཱོ་ཧེན་ནེལ་Paul Haenleལགས་ཀྱིས་ཐེ་ཐེར་དྲ་ལམ་ཐོག་ལ། ཧུའུ་ཅིང་ཐའོ་ཚོགས་ཁང་ཕྱི་ལོགས་སུ་བཙན་ཁྲིད་བྱས་པ་དེ་ཁོ་ཡི་གཟུགས་གཞིའི་བདེ་ཐང་དང་འབྲེལ་བ་མེད་པར། ཁོའི་མདུན་གྱི་ཡིག་ཆ་དེ་དང་འབྲེལ་བ་ཡོད་པ་གསལ་པོ་རེད། ཡིག་ཆ་དེའི་ནང་ཞི་ཅིང་ཕིང་དང་ལི་ཀྲན་ཧྲུའུ་གཉིས་ཀྱིས་ཧུ་ཅིང་ཐའོ་ལ་བསྟན་འདོད་མེད་པའི་གསང་བ་ཞིག་ཡོད་ངེས་ཤིང་། མ་མཐར་ཡང་དུས་སྐབས་དེ་ལ་ཁོ་ཚོས་ཧུའུ་ཅིང་ཐའོ་ལ་ཡིག་ཆ་དེ་བསྟན་འདོད་མེད་པ་ཞིག་རེད་ཤག་ཅེས་འཁོད་འདུག
ནིའུ་ཡོག་ལ་རྟེན་གཞི་བྱས་ཡོད་པའི་རྒྱ་ནག་སྐོར་གྱི་ལས་གཞི་སྟེ་The China Projectཞེས་པའི་གསར་ཁང་གི་རྩོམ་སྒྲིག་པ་ལྗར་མེ་གྷོད་ཁོན་Jeremy Goldkornལགས་ཀྱིས་ཀྱང་ཐེ་ཐེར་དྲ་ལམ་ཐོག་ལ་ཧུའུ་ཅིང་ཐའོ་ཚོགས་ཁང་ནས་ཕྱི་ལོགས་སུ་བཙན་ཁྲིད་མ་བྱས་གོང་གི་བརྙན་ཐུང་ལས། ཁོའི་གཟུགས་གཞིའི་བདེ་ཐང་དང་འབྲེལ་བ་ཡོད་པ་ཞིག་ཡིན་མི་སྲིད་པ་རེད་ཅེས་འཁོད་འདུག དེ་བཞིན་དཔལ་འབྱོར་རིག་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་ཞ་ཞྭན་ལྗོ་ཞི་Shashank Joshiལགས་ཀྱིས་བརྙན་ཐུང་དེས་ཧུའུ་ཅིང་ཐའོ་ལ་གཟུགས་གཞིའི་བདེ་ཐང་གི་གནད་དོན་མེད་པར་ར་འཕྲོད་བྱེད་མི་ཐུབ་ཀྱང་། ཧུའུ་ཅིན་ཐའོ་མདུན་གྱི་ཡིག་ཆ་དེ་འགག་རྩ་ཆགས་ཡོད་པ་གཏན་ཁེལ་རེད་ཅེས་འཁོད་འདུག
ཨ་མེ་རི་ཀའི་གཙུག་ལག་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་ཞབས་ཞུ་སློབ་གླིང་གི་སློབ་དཔོན་ཆེན་པོ་ལྗོ་སེ་ཧྥུ་Joseph Torigianལགས་ཀྱི་འདོད་ཚུལ་ལྟར་ན། སྐབས་བརྒྱད་པའི་རྒྱ་ནག་དམར་ཤོག་གི་ཚོགས་འདུ་ཐེངས་བཅུ་གཉིས་པའི་ཐོག་ལུའུ་ཧྲའོ་ཆི་ལ་སྐྱོན་བརྗོད་བྱེད་དུས་ཁྲེན་ཧྲའོ་མིང་གིས་ལག་པ་ཡར་བསྐྱངས་མེད་པ་ལྟར་ད་ལན་ཧུའུ་ཅིང་ཐའོ་ཡིས་འགག་རྩའི་ཐག་གཅོད་ཀྱི་མཚམས་སུ་ལག་པ་ཡར་མི་བསྐྱང་བའི་གནས་སྟངས་ལ་འགོག་ཐབས་བྱེད་པ་ཞིག་ཡིན་སྲིད་པ་རེད་ཅེས་འཁོད་འདུག
སློབ་དཔོན་ཆེན་པོ་ལྗོ་སེ་ཧྥུ་Joseph Torigianལགས་ནི་རྒྱ་ནག་དང་ཨུ་རུ་སུའི་སྲིད་དོན་དང་ཕྱི་འབྲེལ་སྲིད་ཇུས་སྐོར་གྱི་མཁས་དབང་ཞིག་ཡིན་པ་རེད། ཁོང་གིས་སྔ་ཕྱིར་ཐེ་ཐེར་ལས་ཡི་གེ་ཐེངས་མང་སྤེལ་བ་ལས། གཅིག་ནས་ཧུའུ་ཅིང་ཐའོ་ནི་དམར་ཤོག་གི་སྒྲིག་གཞི་དེའི་ནང་དུས་ཡུན་ལོ་བཅུ་གྲངས་ཤིག་ལས་བྱུང་བ་ཞིག་ཡིན་པ་དང་། སྒྲིག་གཞིའི་དེའི་འོག་མི་སུ་འདྲ་ཞིག་ཡིན་ཡང་དམར་ཤོག་ཚོགས་པའི་ཁེ་ཕན་ཨང་དང་པོ་འཛིན་དགོས་པའི་སློབ་གསོ་ཡོངས་ཁྱབ་ཏུ་སྤྲད་ཡོད་པས། དོན་དག་བྱེ་བྲག་པ་རེ་ཟུང་ལ་འདོད་ཚུལ་མི་མཐུན་པ་ཡོང་སྲིད་ཀྱང་། ཕྱི་ལོགས་སུ་ཡོངས་བསྒྲགས་བྱེད་སྲོལ་མེད། རྒྱུ་མཚན་ཅིའི་ཕྱིར་ཞེ་ན། དེ་ལྟར་བྱས་ཚེ་མི་ཚང་མ་གནས་བཟོ་མི་བདེ་བ་བཟོ་ངེས་ཡིན་པ་དང་། ལྷག་པར་དུ་སོ་སོ་ཉེན་ཁའི་གནས་སུ་བརྫངས་པ་ལས་འོས་མེད། གཉིས་ནས་ཝོ་སི་ཀྲེ་ཊི་ཉིན་རེ་ཚགས་ཤོག་གི་གསར་འགོད་པ་ཝང་ཁྲེན་ཧན་ལགས་ཀྱིས་ཇི་ལྟར་རྩོམ་བྲིས་བྱས་པ་ལྟར། ཞི་ཅིང་ཕིང་གི་ལས་ཀ་བྱེད་སྟངས་ཀྱི་ཁྱད་ཆོས་ཤིག་ནི། སྲིད་དོན་གྱི་བྱེད་ཐབས་ངེས་ཅན་ཞིག་ལ་བརྟེན་ནས་ཆེད་དམིགས་ཀྱིས་ག་ལེར་རིམ་པ་བསྟར་ཆགས་སུ་ཕ་རོལ་པོ་ཉམས་དམས་སུ་བཏང་བ་ལས། གློ་བུར་ཐོག་རྒྱག་ཏུ་མི་རྣམས་ཧ་ལས་ཧང་སངས་སུ་བཅུག་པའི་བྱེད་ཐབས་ལག་ལེན་བསྟར་སྲོལ་མེད་པ་དཔེར་ན། དམར་ཤོག་ཚོགས་པའི་ཚོགས་ཆེན་གྱི་སྐབས་སུ་སོ་སོའི་དགྲ་ཁ་གཏད་མེད་པར་གཏོང་བའི་བྱེད་ཐབས་སྤེལ་བ་ལྟ་བུ་རེད། གསུམ་ནས་རྒྱ་ནག་གི་དཔོན་རིགས་ཚོའི་ཆབ་སྲིད་ཀྱི་ཁོར་ཡུག་ནི་ཁྱོད་ཤི་ང་གསོན་དང་མི་གསོད་རྟ་ཁྱེར་གྱི་འཐབ་རྩོད་ཅིག་ཡིན་ན་ཡང་། འགོ་ཁྲིད་ཀྱི་བྱེད་སྟངས་དེ་མངོན་སུམ་དུ་སྒྲིག་གཞི་ལ་འགལ་ན། དོན་ཕན་ལྡན་པ་ཞིག་ཡོང་གི་མེད་པ་དེ་དམིགས་བསལ་ཞིག་མ་རེད་ཅེས་འཁོད་འདུག
དབྱིན་ཡུལ་མ་དངུལ་དུས་བབས་ཀྱི་པེ་ཅིང་བཅའ་སྡོད་ཡན་ལག་གི་འགན་འཛིན་ཟུར་པ་དང་། ཧྭ་ཝུར་དྷི་གཙུག་ལག་སློབ་གྲྭ་ཆེན་མོའི་ཧྥེ་ཀྲན་ཆིང་རྒྱ་ནག་ཉམས་ཞིབ་ལྟེ་གནས་ཀྱི་གདན་ཞུ་ཉམས་ཞིབ་པ་ལུ་སེ་ཧོང་བྷིLucy Hornbyལགས་ཀྱིས་ཝ་ཤིན་ཊོན་གྱི་རིག་མཛོད་འཐབ་ཇུས་དང་རྒྱལ་སྤྱིའི་ཉམས་ཞིབ་ལྟེ་གནས་ཀྱི་བགྲོ་གླེང་ཚོགས་འདུ་ཞིག་ལས་གསུང་དོན་ལ། ཁོང་མོ་སྒེར་དང་རྒན་རབས་པའི་མཉམ་དུ་བཀའ་མོལ་གནང་བའི་ཉམས་མྱོང་ལ་གཞིགས་ན། ལི་ཀྲན་ཧྲུའུ་ཡི་ལུས་ཀྱི་རྣམ་འགྱུར་དང་ཧུའུ་ཅིང་ཐའོ་ལ་སྐད་ཆ་ཤོད་སྟངས་ནས་བལྟས་ན། ཞི་འཇམ་ཡོང་ཐབས་སུ་ཧུའུ་ཅིང་ཐའོ་ལ་སེམས་གསོ་གཏོང་གིན་ཡོད་པ་དང་། བགྲེས་སོང་ཞིག་ལ་སེམས་གསོ་གཏོང་གིན་ཡོད་པ་འདྲ་པོ་ཞིག་རེད། རྒྱུ་མཚན་དེར་བརྟེན་ནས། ཁོང་མོས་ཧུའུ་ཅིང་ཐའོ་ཕྱི་ལོགས་སུ་ཁྲིད་པ་དེ་ཆེད་དུ་གཉེར་ནས་ཁོ་ལ་ཐུབ་ཚོད་དང་བརྙས་བཅོས་དམའ་འབེབས་བྱས་པའི་འཁྲབ་སྟོན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་མེད་ཅེས་གསུངས་འདུག
ཡོ་རོབ་ཕྱི་འབྲེལ་ལྷན་ཚོགས་ཀྱི་མཉམ་འབྲེལ་འགན་འཛིན་ཁཱར་བྷི་ཊི་ལགས་ཀྱིས་གལ་སྲིད་ད་ལན་ཧུའུ་ཅིང་ཐའོ་གཟུགས་གཞིའི་བདེ་ཐང་གི་རྐྱེན་པས་བཙན་ཁྲིད་བྱས་པ་ཡིན་ན། བརྙན་ཐུང་དེ་ལས་ཚོགས་ཁང་ནང་གི་རྒྱ་ནག་དམར་ཤོག་གི་དཔོན་རིགས་ཚོའི་གཞན་ལ་སྣང་མེད་དང་བརྩེ་སེམས་མེད་པའི་མི་གཤིས་ངན་པ་དེ་གསལ་པོ་བསྟན་ཡོད་ཅེས་འཁོད་འདུག གཞན་ཡང་ཨེ་ཤེ་ཡའི་སྤྱི་ཚོགས་སྲིད་ཇུས་སྐོར་གྱི་ཉམས་ཞིབ་ཁང་གིས་ཐེ་ཐེར་དྲ་ལམ་ཐོག་ལ། ཧུའུ་ཅིང་ཐའོ་བཙན་ཁྲིད་བྱས་པ་དེས། དེང་སང་ཞི་ཅིང་ཕིང་མི་སྒེར་གྱི་དབང་བསྒྱུར་འོག་ཏུ་རྒྱ་ནག་དམར་ཤོག་ཚོགས་པའི་ནང་ཁུལ་གྱི་ཆབ་སྲིད་ཕྱོགས་ཁག་ཅེས་པ་དེ་དེང་སང་རྩ་བརླག་ཏུ་ཕྱིན་ཚར་བ་གསལ་པོ་མཚོན་ཡོད་ཅེས་འཁོད་འདུག