རྒྱ་གཞུང་གིས་ཀྲུང་ཀྲི་ཁེ་ལས་དངུལ་ཁང་མ་རྩ་བརྡིབས་པར་ཞིབ་འཇུག

༄༅།། རྒྱ་ནག་གཞུང་གིས་ཀྲུང་ཀྲི་(Zhongzhi Enterprise Gropu)་ཁེ་ལས་དངུལ་ཁང་གི་འགོ་ཁྲིད་ཚོས་དངུལ་ཁང་དེར་ཨ་སྒོར་དུང་ཕྱུར་༣༦༥་ལྷག་གི་བུ་ལོན་ཡོད་པ་ཕྱི་རུ་མ་བསྒྲགས་གོང་དུ་སོ་སོས་མ་རྩ་བཙུགས་པ་རྣམས་བླངས་ཏེ་ཁྲིམས་འགལ་བྱས་འདུག་ཅེས་ཞིབ་འཇུག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༡་པའི་ཚེས་༢༨་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། བདུན་ཕྲག་སྔོན་མའི་གཟའ་མཇུག་དེར་པེ་ཅིང་གི་ཉེན་རྟོག་པས་ཀྲུང་ཀྲི་ཁེ་ལས་དངུལ་ཁང་ལ་རྒྱ་སྒོར་ཁྲག་ཁྲིག་ཆེན་མོ་༣་དང་ཁྲག་ཁྲིག་༧༢་ཡོད་པ་རྣམས་གང་དུ་ཕྱིན་མིན་ཐད་ཞིབ་འཇུག་བྱ་རྒྱུ་འགོ་ཚུགས། ཀྲུང་ཀྲི་ཁེ་ལས་དངུལ་ཁང་གི་འབྲེལ་ཡོད་ལས་སྣེ་ཁག་ཅིག་འཛིན་བཟུང་བྱས་པ་དེ་དག་གི་གྲས་སུ་རུས་མིང་ཇཱེ་ཞེས་པ་ཞིག་འདུག་ཟེར། ཁོ་པ་༢༠༢༡་ལོའི་ཕྱི་ཟླ་༡༢་ནང་སྙིང་གི་ན་ཚ་ཕོག་སྟེ་གྲོངས་པའི་ཀྲུང་ཀྲི་ཁེ་ལས་དངུལ་ཁང་འཛུགས་པ་པོ་ཇཱེ་ཀྲི་ཁུན་(Jie Zhikun)་གྱི་ཚ་བོ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཀྲུང་ཀྲི་ཁེ་ལས་དངུལ་ཁང་ནི་ཕྱི་གསལ་ནང་གསལ་མེད་པའི་རྒྱ་ནག་གི་ཁེ་ལས་དངུལ་ཁང་ཆེ་ཤོས་དེ་ཡིན་ཞིང་། པེ་ཅིང་གི་ཉེན་རྟོག་པས་འཛིན་བཟུང་བྱས་པའི་ཀྲུང་ཀྲི་ཁེ་ལས་དངུལ་ཁང་གི་ལས་སྣེ་དེ་ཚོར་ཁྲིམས་འགལ་ཐོག་ཏུ་མ་རྩ་འདུ་འགོད་བྱས་པ་དང་དངུལ་རྩའི་ཁྲིམས་ལ་འགལ་འཛོལ་བྱས་པའི་ནག་ཉེས་ཕོག ཕྱི་ཟླ་༡༡་པའི་ཚེས་༢༢་ཉིན་ཀྲུང་ཀྲི་ཁེ་ལས་དངུལ་ཁང་ལ་མ་རྩ་རྒྱ་སྒོར་ཐེར་འབུམ་༢༠༠་ཐམ་པ་ཡོད། དངུལ་ཁང་དེས་འཇལ་དགོས་པའི་བུ་ལོན་རྒྱ་སྒོར་ཐེར་འབུམ་༤༢༠་ནས་༤༦༠་ཡས་མས་ཤིག་ཡོད། དངུལ་ཁང་ལ་མ་རྩ་རྒྱ་སྒོར་ཐེར་འབུམ་༢༠༠་ཡོད་པ་དེས་བུ་ལོན་འཇལ་རྒྱུ་ཡིན། ད་དུང་ཡང་རྒྱ་སྒོར་ཐེར་འབུམ་༢༢༠་ནས་༢༦༠་ཡས་མས་ཤིག་གི་བུ་ལོན་ཡོད་ཅེས་བསྒྲགས། ཀྲུང་ཀྲི་ཁེ་ལས་དངུལ་ཁང་མ་རྩ་བརྡིབས་པ་ནི་རྒྱ་ནག་གི་ས་ཁང་ཚོང་ལས་ཁང་ཆེ་ཤོ་ཧེང་ཏ་(Evergrande)་མ་རྩ་བརྡིབས་པའམ། ཡང་ན་རྒྱ་ནག་གི་ས་ཁང་ཚོང་ལས་ཆེ་ཤོས་ཨང་གཉིས་པ་པི་གུའི་ཡོན་(Country Garden)་བུ་ལོན་ནང་དུ་ཚུད་པ་ལས་ཀྱང་ཚབས་ཆེ་བའི་གནས་ཚུལ་ཐོན་འདུག

ཁ་སང་གཟའ་ཟླ་བ་ནས་རྒྱ་ནག་གི་དཔྱད་བརྗོད་པ་ཚོས་ཀྲུང་ཀྲི་ཁེ་ལས་དངུལ་ཁང་གིས་གཞུང་གཉེར་བཟོ་ཚོང་ལས་ཁུངས་ཁག་ལ་མཉམ་འབྲེལ་བྱས་ནས་མིང་སྐམ་པོ་ཞིག་གི་ཐོག་ཏུ་ཚོང་བརྒྱབ་པ་རེད། ཀྲུང་ཀྲི་ཁེ་ལས་དངུལ་ཁང་མ་རྩ་མ་བརྡིབས་གོང་དུ་ཇཱེ་ཚང་གི་བཟའ་མི་རྣམས་དང་དངུལ་ཁང་གི་ལས་སྣེ་ཚོས་དངུལ་ཁང་མ་རྩ་བརྡིབས་སོང་ཞེས་ཕྱིར་བསྒྲགས་མ་བྱས་གོང་དུ་སོ་སོས་མ་རྩ་བཙུགས་ཡོད་པའི་དངུལ་སྒོར་རྣམས་བླངས་ཏེ་སྒེར་ལ་གྱོང་གུད་ཅི་ཡང་མེད་པར་བཏང་འདུག ཀྲུང་ཀྲི་ཁེ་ལས་དངུལ་ཁང་ལ་བུ་ལོན་རྒྱ་སྒོར་ཐེར་འབུམ་༢༢༠་ནས་༢༦༠་ཡས་མས་ཤིག་ཡོད་པས་ཚོང་ལས་རྒྱུན་འཁྱོངས་བྱེད་ཐུབ་རྒྱུ་ཤིན་ཏུ་དཀའ་ཞེས་རྩིམ་ཡིག་རིམ་པ་ཞིག་སྤེལ། རྒྱ་ནག་གི་དངུལ་རྩ་ཉམས་ཞིབ་པ་ཚོས་ཀྲུང་ཀྲི་ཁེ་ལས་དངུལ་ཁང་ལ་མ་རྩ་རྒྱ་སྒོར་ཐེར་འབུམ་༢༠༠་ཡོད་པ་རྣམས་བུན་ཡིག་དང་མཁར་དངོས་སོགས་ཡིན་པས་དེ་དག་གི་རིན་གོང་ཆག་སྟེ་རྒྱ་སྒོར་ཐེར་འབུམ་༢༠༠་ཡང་ཡོད་རྒྱུ་མ་རེད། ༢༠༢༡་ལོར་ཇཱེ་ཀྲི་ཁུན་གྲོངས་པའི་རྗེས་སུ་ཁེ་ལས་དངུལ་ཁང་དེ་ཉམས་འགོ་ཚུགས་པ་རེད་ཅེས་གླེང་།།

རྒྱ་ནག་གི་དངུལ་རྩའི་གསར་འགོད་པ་ཞིག་གིས་ཀྲུང་ཀྲི་ཁེ་ལས་དངུལ་ཁང་གིས་གཞུང་གཉེར་བཟོ་ཚོང་ལས་ཁང་ཁུངས་ཁག་ལ་མཉམ་འབྲེལ་བྱས་ནས་འདས་པའི་ལོ་བཅུ་ཕྲག་གཉིས་ལ་ཁུངས་འཁྱོལ་བ་རེད། ལོ་བཅུ་ཕྲག་གཉིས་ཀྱི་རིང་དེར་ཇཱེ་ཁྱིམ་ཚང་གིས་རྒྱ་སྒོར་དུང་ཕྱུར་༢༥༠་ལྷག་འདུ་འགོད་ཐུབ་འདུག གཅིག་བྱས་ན་ཀྲུང་ཀྲི་ཁེ་ལས་དངུལ་ཁང་ལ་རྒྱ་སྒོར་ཐེར་འབུམ་༢༦༠་ལྷག་གི་བུ་ལོན་ཡོད་སྲིད། ཀྲུང་ཀྲི་ཁེ་ལས་དངུལ་ཁང་མ་རྩ་བརྡིབས་པ་ནི་༡༩༤༩་ལོར་རྒྱ་ནག་དམར་ཤོག་སྲིད་གཞུང་བཙུགས་ནས་བཟུང་། ད་ལྟའི་བར་དུ་བྱུང་མྱོང་མེད་པའི་ཁེ་ལས་དངུལ་ཁང་མ་རྩ་བརྡིབས་པ་ཤིག་ཏུ་བརྩི་ཆོག ཀྲུང་ཀྲི་ཁེ་ལས་དངུལ་ཁང་སྲ་བརྟན་དང་དར་རྒྱས་འགྲོ་བའི་དུས་སུ་འགོ་ཁྲིད་ཁག་ཅིག་གིས་ཁེ་སང་ཆེན་པོ་བླངས་ཏེ་དངུལ་ཁང་ནས་དགོངས་པ་ཞུས། དངུལ་སྒོར་བརླགས་པ་རྣམས་མི་མང་བཅོལ་མཁན་ཚོའི་དངུལ་སྒོར་རེད། ད་ལྟ་དངུལ་ཁང་མ་རྩ་བརྡིབས་ན་བུ་ལོན་སྤྲོད་འཇལ་གྱི་འགན་འཁྲི་སུས་ལེན་དགོས་པ་རེད་ཅེས་དྲིས།།

ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་དངུལ་རྩ་དོ་དམ་ལས་ཁུངས་ཀྱིས་ཚོགས་ཆུང་ཞིག་བཙུགས་ནས་ཀྲུང་ཀྲི་ཁེ་ལས་དངུལ་ཁང་ལ་ཞིབ་འཇུག་བྱེད་དུ་བཅུག ཟླ་བ་༣་ལ་ཞིབ་འཇུག་བྱས་པའི་གཞུག་སྟེ། ཟླ་བ་འདིའི་ཚེས་༢༢་ཉིན་ཀྲུང་ཀྲི་ཁེ་ལས་དངུལ་ཁང་གིས་མ་རྩ་འཛུགས་མཁན་ཚོར་ཡི་གེ་རེ་བཏང་ནས་བཟོད་གསོལ་ཞུ་རྒྱུ་ཡིན། དངུལ་ཁང་འཛུགས་མཁན་ཇཱེ་ཀྲི་ཁུན་གྲོངས་པ་དང་དངུལ་ཁང་འཛིན་སྐྱོང་ལ་འཐུས་ཤོར་བྱུང་། འཛིན་སྐྱོང་གི་ལས་སྣེ་ཚོས་དངུལ་ཁང་གི་ཚོང་ལས་ལེགས་བཅོས་བྱ་ཐབས་སུ་འབད་ཀྱང་རྒྱུ་རྐྱེན་ཇི་སྙེད་ཅིག་གིས་དངུལ་ཁང་གི་ཚོང་ལས་ཡར་རྒྱས་གཏོང་ཐུབ་མ་སོང་ཞེས་བཀྲལ། རྒྱ་ནག་གི་གསར་འགྱུར་ལས་ཁུངས་ཁག་གིས་ཇཱེ་ཀྲི་ཁུན་ལ་ཚ་བོ་ལིའུ་དབྱང་དང་ཇཱེ་ཙི་ཀྲེང་། བུ་མོ་ཇཱེ་ཧུའི་ཡུའི། བཟའ་ཟླ་གཉིས་པ་མའོ་ཨེ་མིན་སོགས་ཡོད་ཀྱང་བཟའ་མི་ཚོ་ནང་ཁུལ་དུ་མ་མཐུན་པ་དང་ཁོ་ཚོར་ཨ་ཕ་ལྟར་ཚོང་ལས་ཀྱི་འཇོན་ཐང་མེད་པར་ཀྲུང་ཀྲི་ཁེ་ལས་དངུལ་ཁང་མ་རྩ་བརྡིབས་པ་རེད་ཅེས་གནས་ཚུལ་སྤེལ་འདུག

ཕྱི་ཟླ་༡༡་པའི་ཚེས་༢༧་ཉིན་བྷི་བྷི་སི་གསར་འགྱུར་ལས་ཁུངས་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ཀྲུང་ཀྲི་ཁེ་ལས་དངུལ་ཁང་གིས་བུ་ལོན་ལེན་མཁན་ཚོར་དངུལ་སྒོར་བསྐྱིས་པ་དང་བར་ཚོང་བརྒྱབ། ཀྲུང་ཀྲི་ཁེ་ལས་དངུལ་ཁང་ལ་སྲོལ་རྒྱུན་གྱི་དངུལ་ཁང་ལྟར་རྟོག་ཞིབ་དང་རྩིས་ཞིབ། སྟངས་འཛིན་བྱེད་མཁན་མེད་པས་མཇུག་འབྲས་ལ་བསམ་བློ་མ་བཏང་བར་དངུལ་རྩའི་ཚོང་ལས་གཉེར། ཀྲུང་ཀྲི་ཁེ་ལས་དངུལ་ཁང་གིས་དངུལ་སྒོར་བུ་ལོན་གཏོང་ཡུལ་མང་ཆེ་བ་ནི་རྒྱ་ནག་གི་ས་ཁང་ཚོང་ལས་ཁག་ཡིན་ཞིང་། རྒྱ་ནག་གི་ས་ཁང་ཚོང་ལས་ཁག་གིས་ཁང་པ་ས་ཡ་མང་པོ་འཛུགས་སྐྲུན་བྱས་ཀྱང་ཉོ་མཁན་མ་བྱུང་། ས་ཁང་ཚོང་ལས་མ་རྩ་བརྡིབས་པའི་རྗེས་སུ་རྒྱ་ནག་གི་དངུལ་ཁང་ཁག་གིས་དངུལ་སྒོར་བསྡུ་མ་ཐུབ་པར་མ་རྩ་བརྩིབས་ནས་གཅིག་ཞོར་གཅིག་འདྲུད་བྱས་པ་རེད། ལོ་གསུམ་གྱི་པྲོག་དབྱིབས་ནད་ཡམས་སུ་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་པ་དེ་བས་ཀྱང་སྡུག་ཏུ་འགྲོ་ས་རེད་ཅེས་གནས་ཚུལ་སྤེལ་འདུག

ཤར་ཕྱོགས་མ་རྩ་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཨན་ཌི་རིའུ་ཀོ་ལེར་(Andrew Collier)་གྱིས་ཉེ་བའི་ལོ་བཅུ་ཕྲག་འགའ་ཞིག་ལ་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ས་ཁང་ཚོང་ལས་ལ་མ་རྩ་བཙུགས་ནས་ལྒང་བུའི་ནང་དུ་དབུགས་བརྒྱབ་པ་ལྟར་རྒྱ་བསྐྱེད། རྒྱ་ནག་གི་ཁྲོམ་རའི་ནང་དུ་ས་ཁང་ཚོང་ལས་ལ་མ་རྩ་འཛུགས་མཁན་ཚོར་ཁེ་སང་ཆེན་པོ་ཐོབ། རྒྱ་ནག་གི་ཁྲོམ་རའི་ནང་དུ་ས་ཆ་དང་ཁང་པའི་རིན་གོང་མུ་མཐུད་དུ་འཕར་བས་ཀུན་ལ་ཁེ་ཕན་བྱུང་། དེ་བཞིན་རྒྱ་ནག་གི་ས་ཁང་ཚོང་ལས་ཁག་ལ་མ་རྩ་སྐྱི་མཁན་ཁེ་ལས་དངུལ་ཁང་ཁག་ཀྱང་ཇེ་མང་དུ་སོང་། ཀྲུང་ཀྲི་ཁེ་ལས་དངུལ་ཁང་མ་རྩ་བརྡིབས་པ་ནི་རྒྱ་ནག་གི་དངུལ་ཁང་ཁག་ལ་དཀའ་ངལ་འཕྲད་རྒྱུའི་སྔ་ལྟས་ཡིན་ཤས་ཆེ། རྒྱ་ནག་གི་ས་ཁང་ཚོང་ལས་དང་ཁེ་ལས་དངུལ་ཁང་ཁག་བུ་ལོན་འོག་ནས་ཐར་པར་དུས་ཡུན་རིང་པོ་འགོར་རྒྱུ་རེད་ཅེས་བསྟན། རྒྱ་ནག་གི་སྤྱི་ཚོགས་སུ་གཞུང་གིས་སྟངས་འཛིན་མི་ཐུབ་པའི་ལས་ཁེ་དངུལ་ཁང་ཡོད་ཀྱང་༢༠༠༨་ཀྱི་རྗེས་སུ་ཕྱི་གསལ་ནང་གསལ་མེད་པའི་ཁེ་ལས་དངུལ་ཁག་ཆར་རྗེས་ཀྱི་ཤ་མོ་ལྟར་ཚུགས་ཏེ་ཇེ་མང་དུ་ཕྱིན་པའི་གནས་ཚུལ་ཐོན་འདུ

རྒྱ་ནག་གཞུང་གིས་ལོ་འདིར་དཔལ་འབྱོར་བརྒྱ་ཆ་༦.༣་འཕེལ་རྒྱས་གཏོང་རྒྱུའི་དམིགས་ཚད་བཟུང་། ༢༠༢༣་ལོའི་ཕྱི་ཟླ་༧་ནས་༩་པའི་བར་དུ་རྒྱ་ནག་གི་དཔལ་འབྱོར་བརྒྱ་ཆ་༤.༩་ལས་འཕེལ་རྒྱས་ཕྱིན་མེད་པས་གཞུང་གི་དམིགས་ཚད་མ་ལོངས། ཞིས་ཅིན་ཕིང་གིས་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་ཁག་གིས་རྒྱ་ནག་ལ་མ་རྩ་ཚུགས། རྒྱ་ནག་དང་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་ཁག་ལ་གོ་སྐབས་འདྲ་མཉམ་ཡོད་ཅེས་འབོད་སྐུལ་ཞུས། པྲོག་དབྱིབས་ནད་ཡམས་རྗེས་སུ་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་ཁག་གིས་རྒྱ་ནག་གི་ཁྲོམ་ར་ནས་ཨ་སྒོར་ཁྲག་ཁྲིག་ཆེན་མོ་༡་ཕྱིར་འཐེན་བྱས་ཏེ་ལྷོ་ཤར་ཨེ་ཤི་ཡ་དང་རྒྱ་གར་ལ་སོགས་མ་རྩ་བཙུགས། གལ་ཏེ་ཨ་རི་སོགས་ནུབ་ཕྱོགས་ཀྱི་བཟོ་ཚོང་ལས་ཁུངས་ཁག་བསྐྱར་དུ་རྒྱ་ནག་ལ་ཚོང་ལས་གཉེར་དུ་ཡོང་རྒྱུའི་དབང་དུ་ཐོངས་མོད། འོན་ཀྱང་རྒྱ་ནག་གི་བཟོ་ཚོང་ལས་ཁུངས་ཁག་མ་རྩ་བརྡིབས་ན་ཞིས་ཅིན་ཕིང་གིས་དཔལ་འབྱོར་སླར་གསོ་བྱ་རྒྱུའི་དམིགས་ཡུལ་དེ་འགྲུབ་ཐུབ་རྒྱུ་ཁག་པོ་ཡིན་པའི་གནས་ཚུལ་ཐོན་འདུག